ལེའུ་ཞེ་གསུམ་པ།
ཡེ་རེམ་ཡཱ་ནི་ཨེ་ཅིབ་ཡུལ་དུ་ཁྲིད་པ།
1 ཡེ་རེམ་ཡཱ་ཡིས་མི་ཀུན་ལ་ཁོ་ཚོའི་དཀོན་མཆོག་ཡ་ཝཱེའི་བཀའ་ཐམས་ཅད་དེ། ཁོ་ཚོའི་དཀོན་མཆོག་ཡ་ཝཱེས་ཁོང་ཉིད་མངགས་ནས་སྨྲ་བར་བཅུག་པའི་བཀའ་རྣམས་བཤད་རྗེས།
2 ཧོ་ཤ་ཡཱའི་བུ་ཨ་ཟར་ཡཱ་དང་། ཀཱ་རེ་ཨའི་བུ་ཡོ་ཧ་ནན། དེ་མིན་ང་རྒྱལ་གྱིས་ཁེངས་པའི་མི་རྣམས་ཀྱིས་ཡེ་རེམ་ཡཱ་ལ་ན་རེ། ཁྱེད་ཀྱིས་རྫུན་སྨྲས་པ་ཡིན་ཏེ། རང་ཅག་གི་དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཨེ་ཅིབ་ཡུལ་དུ་སྡོད་པར་མ་འགྲོ་ཞེས་སྨྲ་བར་ཁྱེད་རང་མ་མངགས་ལ།
3 འདི་ནི་ནེར་ཡཱའི་བུ་པཱ་རུག་གིས་ཁྱེད་ལ་ངན་སྐུལ་བྱས་ནས་ངེད་ཅག་ལ་གནོད་པ་བཏང་སྟེ། ངེད་རྣམས་ཀལ་དི་པའི་ལག་ཏུ་སྤྲོད་པ་དང་། ངེད་ཅག་གསོད་པའམ་ཡང་ན་པཱ་པེལ་ལོན་དུ་བཙན་ཁྲིད་བྱེད་པའི་ཆེད་དུ་ཡིན་ཞེས་སྨྲས་པ་ལ།
4 ཀཱ་རེ་ཨའི་བུ་ཡོ་ཧ་ནན་དང་། དམག་དཔོན་ཀུན་དང་། མི་ཐམས་ཅད་ཀྱིས་དཀོན་མཆོག་ཡ་ཝཱེའི་བཀའ་ལ་མཉན་ནས་ཡ་ཧུ་དཱའི་ཡུལ་དུ་མ་བསྡད་པར།
5 ཀཱ་རེ་ཨའི་བུ་ཡོ་ཧ་ནན་དང་། དམག་དཔོན་ཀུན་གྱིས་ཤུལ་དུ་ལུས་པའི་མི་རྣམས་ཏེ། ཡུལ་ཁམས་སོ་སོར་ཐོར་ནས་ཕྱིར་ལོག་ཅིང་ཡ་ཧུ་དཱ་ཡུལ་དུ་སྡོད་པ་རྣམས་ཡིན་ལ།
6 སྐྱེས་པ་དང་བུད་མེད། བྱིས་པ། རྒྱལ་པོའི་སྲས་མོ་བཅས་དང་། སྐུ་སྲུང་དམག་དཔོན་ནེ་བོ་ཟར་ཨ་དན་གྱིས་ཤཱ་ཕན་གྱི་ཚ་བོའམ་ཨ་ཧི་ཀམ་གྱི་བུ་གེ་དལ་ཡཱའི་རྩར་བསྐྱུར་བའི་མི་ཐམས་ཅད་དང་། ལུང་སྟོན་པ་ཡེ་རེམ་ཡཱ་དང་། ནེར་ཡཱའི་བུ་པཱ་རུག་བཅས་པ་སྟེ།
7 ཐམས་ཅད་ཨེ་ཅིབ་ཡུལ་དུ་ཁྲིད་ནས་ཐ་ཕན་ཧེ་སི་བྱ་བར་སླེབས་སོ། །དེ་ནི་ཁོ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་བཀའ་ལ་མ་མཉན་པའི་ཕྱིར་རོ། །
8 ཡང་ཐ་ཕན་ཧེ་སི་རུ་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་འདི་ལྟ་སྟེ།
9 ཁྱོད་ཀྱིས་ཡ་ཧུ་དཱ་པའི་མིག་མདུན་དུ་ལག་ལ་རྡོ་ཆེན་པོ་འགའ་བཟུང་ནས། ཐ་ཕན་ཧེ་སིའི་ཕཱར་ཨོལ་གྱི་ཕོ་བྲང་གི་སྒོ་ཁའི་རྡོ་གཅལ་བཟོ་བྱེད་གཏུན་ཁུང་ནང་དུ་སྦོས་ཤིག
10 ཡང་དེ་རྣམས་ལ་འདི་ལྟར། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ལྟོས་ཤིག ངས་རང་གི་གཡོག་པོ་སྟེ་པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་བོས་འོངས་ནས། སྦས་པའི་རྡོ་འདི་རྣམས་ཀྱི་སྟེང་དུ་ངས་དེའི་རྒྱལ་ཁྲི་འགོད་པ་དང་། ཁོས་དེའི་སྟེང་དུ་རྒྱལ་པོའི་གུར་དབུབ་ཅིང་།
11 ཁོ་འོངས་ནས་ཨེ་ཅིབ་ཡུལ་ལ་རྒོལ་ཏེ། འཆི་དགོས་པ་དག་འཆི་བར་འགྱུར་བ་དང་། བཙོན་དུ་འཁྲིད་དགོས་པ་དག་བཙོན་དུ་འཁྲིད་ཅིང་། རལ་གྲིས་གསོད་དགོས་པ་རྣམས་གསོད་པར་འགྱུར།
12 ངས་ཨེ་ཅིབ་པའི་ལྷ་ཁང་དག་མེས་བསྲེག་དགོས་པ་དང་། པཱ་པེལ་ལོན་གྱི་རྒྱལ་པོས་ལྷ་ཁང་རྣམས་བསྲེགས་ནས་སྐུ་འདྲ་རྣམས་བཙོན་དུ་འཁྱེར་བར་འགྱུར། ཡང་དེ་ལ་ཨེ་ཅིབ་ཡུལ་ཐོབ་ནས། ཕྱུགས་རྫིས་རང་གི་གོས་གྱོན་པ་ལྟར་བདེ་བའི་ངང་བཞུད་པར་འགྱུར།
13 དེས་ཨེ་ཅིབ་ཡུལ་གྱི་པེད་ཤེ་མེ་སིའི་ཀ་བ་རྣམས་གཅོག་ཅིང་། ཨེ་ཅིབ་པའི་ལྷ་ཁང་རྣམས་མེས་བསྲེག་པར་འགྱུར་རོ་ཞེས་སྨྲོས་ཤིག་ཅེས་གསུངས་སོ། །