ལེའུ་གཉིས་པ།
ཨེ་ཟེ་ཀི་ཨེལ་ལུང་སྟོན་པ་བྱེད་དུ་མངགས་པ།
ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ་ཡར་ལོངས་ཤིག ངས་ཁྱོད་ལ་གསུང་གནང་བར་བྱའོ་ཞེས་གསུངས་སོ། ། ཁོང་གིས་ང་ལ་གསུང་གནང་དུས་སུ་ཐུགས་ཉིད་ངའི་ནང་དུ་ཞུགས་ཏེ་ང་ཡར་ལངས་སུ་བཅུག་པ་དང་། ངས་ཡང་བསྐྱར་ང་ལ་གསུང་གནང་བའི་སྒྲ་ཐོས་སོ། ། ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ། ངས་ཁྱོད་རང་ནི་བདག་ལ་ངོ་ལོག་བྱས་པའི་མི་མང་སྟེ་ཡེས་ར་ཨེལ་པ་རྣམས་ཀྱི་གམ་དུ་མངགས་པར་བྱ་སྟེ། དེ་དག་དང་དེ་དག་གི་ཕ་མེས་རྣམས་ཀྱིས་དེ་རིང་གི་བར་དུ་ང་ལ་རྒྱབ་འགལ་བྱས་པ་དང་། མི་འདི་དག་ནི་ཤིན་ཏུ་གཉའ་རེངས་གཤིས་གྱོང་ཡིན་ལ། ངས་ཁྱོད་ནི་དེ་དག་གི་གམ་དུ་མངགས་ཤིང་། ཁྱོད་ཀྱིས་དེ་རྣམས་ལ་འདི་ལྟར། གཙོ་བོ་ཡ་ཝཱེས་འདི་སྐད་དུ། དེ་དག་ནི་ཁྱིམ་རྒྱུད་ངོ་ལོག་ཅན་ཡིན་པས། དེ་དག་གིས་མཉན་དང་མི་མཉན་གང་ཡིན་རུང་ཁོ་ཚོའི་ཁྲོད་དུ་ལུང་སྟོན་པ་ཞིག་ཡོད་པ་རྟོགས་ངེས་ཡིན། ཀྱེ་མིའི་བུ། ཁྱོད་ལ་མཚོན་ན། ཚེར་མ་དང་གཟེ་མ་ར་མགོ་ཁྱོད་ཀྱི་མཐའ་རུ་ཡོད་པ་དང་། ཁྱོད་ནི་སྡིག་པ་ར་ཙ་ཡི་ཁྲོད་དུ་གནས་ཀྱང་། ཁྱོད་དེ་དག་ལ་མ་འཇིགས་ཤིག དེ་དག་གིས་སྨྲས་པའི་གཏམ་ལའང་ཁྱོད་མ་འཇིགས་ཤིག དེ་རྣམས་ནི་མ་གཞི་ནས་ཁྱིམ་རྒྱུད་ངོ་ལོག་ཅན་ཞིག་ཡིན་པས། དེ་ཚོས་སྨྲས་པའི་གཏམ་ལ་ཁྱོད་ནི་ནམ་ཡང་མ་འཇིགས་ཤིག དེ་དག་གི་མདུན་དུ་ཁྱོད་དངང་བར་ཡང་མི་བྱའོ། ། དེ་དག་ནི་ངོ་ལོག་ཅན་ཡིན་པས། དེ་དག་གིས་མཉན་དང་མི་མཉན་གང་ཡིན་རུང་། ཁྱོད་ཀྱིས་ངའི་བཀའ་དེ་དག་ལ་སྨྲ་བར་གྱིས་ཤིག ཀྱེ་མིའི་བུ། ཁྱོད་ཀྱིས་ངས་གསུངས་པའི་བཀའ་ལ་མཉན་པ་ལས། ཁྱིམ་རྒྱུད་ངོ་ལོག་ཅན་དེ་བཞིན་དུ་ང་ལ་ངོ་ལོག་བྱེད་མི་རུང་། ཁྱོད་ཀྱིས་ཁ་གདངས་ནས་ངས་ཁྱོད་ལ་ཅི་སྦྱིན་པ་དེ་ཟོ་ཞིག་ཅེས་གསུངས་སོ། ། དེ་ནས་ངས་བལྟས་པ་ན། ངའི་ཕྱོགས་སུ་ལག་པ་ཞིག་བརྐྱངས་འོངས་པ་དང་། ལག་ཏུ་ཤོག་དྲིལ་ཞིག་ཡོད་པ་མཐོང་སྟེ། 10 ཁོང་གིས་ཤོག་དྲིལ་དེ་ངའི་མདུན་དུ་ཁ་ཕྱེས་པ་ལ། ཤོག་དྲིལ་དེའི་ཕྱི་ནང་གཉིས་སུ་ཡི་གེ་བཀོད་ཡོད་དེ། སྐྱོ་གླུ་དང་མྱ་ངན། གེགས་བར་ཆད་བཅས་བཀོད་ཡོད་དོ། །