ལེའུ་བཅུ་གཉིས་པ།
དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་གྱི་སྐོར།
1 སྤུན་ཟླ་རྣམས། དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་གྱི་སྐོར་ཁྱེད་ཚོས་ཤེས་དགོས། 2 ཁྱེད་རྣམས་སྔར་ལྷ་རྣམས་ལ་དད་པའི་དུས་སུ་ཐབས་གང་གིས་བསླུ་བྲིད་བྱས་ནས་སྨྲ་མི་ཐུབ་པའི་སྐུ་འདྲ་རྣམས་ལ་མཆོད་པ་ཕུལ་བ་དེ་ཁྱེད་ཚོས་ཤེས། 3 དེའི་ཕྱིར་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་སྨྲ་མཁན་སུས་ཀྱང་ཡེ་ཤུར་དམོད་མོ་འདེབས་ཞེས་ཟེར་མི་སྲིད་པ་དང༌། དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་སྨྲ་བ་མ་གཏོགས་པར་སུས་ཀྱང་ཡེ་ཤུ་གཙོ་བོ་ཡིན་ཞེས་ཟེར་མི་སྲིད་པ་ངས་ཁྱེད་ཚོར་ཟེར།
4 གནང་སྦྱིན་མི་འདྲ་བ་ཡོད་ཀྱང་དམ་པའི་ཐུགས་ཉིད་ནི་གཅིག་རང་ཡིན། 5 ཡང་ལས་ཚན་གྱི་རིགས་མི་འདྲ་བ་ཡོད་ཀྱང་གཙོ་བོ་གཅིག་རང་ཡིན་ཏེ། 6 འཕྲིན་ལས་མི་འདྲ་བ་ཡོད་ཀྱང་དེ་ཚོ་ཐམས་ཅད་མི་ཀུན་ལ་མཛད་མཁན་དཀོན་མཆོག་རང་ཡིན། 7 ཐམས་ཅད་ལ་ཕན་པའི་ཕྱིར་དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་མི་རེ་རེར་གནང་བ་ཡིན། 8 དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་གཅིག་ལ་ཤེས་རབ་ཀྱི་གཏམ་བརྗོད་པ་དང༌། ཐུགས་ཉིད་དེ་རང་གི་སྒོ་ནས་གཅིག་ལ་རྟོགས་པའི་གཏམ་བརྗོད་པ། 9 ཐུགས་ཉིད་དེ་རང་གི་སྒོ་ནས་གཅིག་ལ་དད་པ། ཐུགས་ཉིད་དེའི་སྒོ་ནས་གཅིག་ལ་ནད་སེལ་བའི་གནང་སྦྱིན། 10 གཅིག་ལ་ངོ་མཚར་བའི་རྟགས་བྱེད་པའི་གནང་སྦྱིན། གཅིག་ལ་ལུང་བསྟན། གཅིག་ལ་སེམས་ཉིད་མི་འདྲ་བ་དབྱེ་བ་འབྱེད་པ། གཅིག་ལ་མི་འདྲ་བའི་སྐད་རིགས་ཤོད་པ། གཅིག་ལ་སྐད་སྒྱུར་བ་བཅས་གནང་བ་ཡིན། 11 དེ་ཚོ་ཐམས་ཅད་ནི་དམ་པའི་ཐུགས་ཉིད་གཅིག་པུ་ཁོ་ན་ཡིས་མཛད་ཅིང༌། ཁོང་གིས་རང་གི་དགོངས་པ་ལྟར་སོ་སོར་བགོད་པ་གནང༌།
ལུས་གཅིག་ལ་ཡན་ལག་མང༌།
12 ལུས་ནི་གཅིག་པོ་ཡིན་ཡང་ཡན་ལག་མང་པོ་ཡོད་དེ། དེའི་ཡན་ལག་མང་པོ་ཡོད་ཀྱང་ལུས་གཅིག་ཁོ་ན་ཡིན་པ་ལྟར། དེ་བཞིན་དུ་མཱ་ཤི་ཀའང་ཡིན། 13 གང་ཡིན་ཟེར་ན། ཡ་ཧུ་དཱ་པ་ཡིན་རུང་མིན་རུང༌། བྲན་གཡོག་ཡིན་རུང་རང་དབང་ཅན་ཡིན་རུང༌། ང་ཚོ་ཐམས་ཅད་དམ་པའི་ཐུགས་ཉིད་གཅིག་པོའི་སྒོ་ནས་ཁྲུས་གསོལ་བླངས་ཏེ་ལུས་གཅིག་གི་ཡན་ལག་ཏུ་གྱུར་བ་མ་ཟད། ཐུགས་ཉིད་གཅིག་པོ་དེ་ཐོབ། 14 ལུས་ལ་ཡན་ལག་གཅིག་མིན་པར་མང་པོ་ཡོད། 15 གལ་སྲིད་རྐང་པས་ང་ལག་པ་མིན་པས་ལུས་ཀྱི་ཡན་ལག་མིན་ཞེས་ཟེར་ན། དེའི་རྐྱེན་གྱིས་ལུས་ཀྱི་ཡན་ལག་མིན་པར་མི་འགྱུར། 16 ཡང་གལ་ཏེ་རྣ་བས་ང་མིག་མིན་པས་ལུས་ཀྱི་ཡན་ལག་མིན་ཞེས་ཟེར་ན། དེའི་རྐྱེན་གྱིས་ལུས་ཀྱི་ཡན་ལག་མིན་པར་མི་འགྱུར། 17 ལུས་ཧྲིལ་པོ་མིག་ཡིན་ན་རྣ་བའི་དབང་པོ་གང་དུ་ཡོད། ལུས་ཧྲིལ་པོ་རྣ་བ་ཡིན་ན་སྣོམ་པའི་དབང་པོ་གང་དུ་ཡོད། 18 འོན་ཀྱང་དཀོན་མཆོག་གིས་རང་གི་དགོངས་པ་ལྟར་ཡན་ལག་རེ་རེ་ལུས་ཀྱི་གནས་སོ་སོར་བཞག་པར་མཛད། 19 དེ་ཚོ་ཐམས་ཅད་ཡན་ལག་གཅིག་པུ་ཡིན་ན་ལུས་གང་དུ་ཡོད། 20 ཡན་ལག་མང་པོ་ཡོད་ཀྱང་ལུས་ནི་གཅིག་ཡིན། 21 མིག་གིས་ལག་པ་ལ། ཡང་ན་མགོ་ཡིས་རྐང་པ་ལ། ང་ལ་ཁྱོད་མི་དགོས་ཞེས་ཟེར་མི་རུང༌། 22 དེ་ལས་ལྡོག་སྟེ་ལུས་ཀྱི་ཡན་ལག་མཐོང་སྣང་ལ་ཞན་པ་རྣམས་མེད་དུ་མི་རུང་བ་ཡིན། 23 ང་ཚོས་སྣང་ཆུང་རྩི་བའི་ཡན་ལག་རྣམས་ལ་ལྷག་པར་རྩི་ཞིང༌། ངོ་ཚ་ཡོད་པའི་ཡན་ལག་རྣམས་ལ་ལྷག་པར་གོས་ཀྱིས་རྒྱན། 24 ཡན་ལག་བསྟན་འོས་པ་རྣམས་ལ་དེ་མི་དགོས། དཀོན་མཆོག་གིས་ལུས་ཀྱི་ཡན་ལག་སྒྲིག་པར་མཛད་དེ། ཡན་ལག་དམན་པ་ལ་བཀུར་སྟི་ལྷག་པར་གནང༌། 25 དེ་ནི་ལུས་ལ་མི་མཐུན་པ་མེད་པར་ཡན་ལག་རྣམས་ཀྱིས་གཅིག་གིས་གཅིག་ལ་སེམས་ཁུར་བྱེད་པའི་ཆེད་དུ་ཡིན། 26 ཡན་ལག་གཅིག་སྡུག་བསྔལ་མྱོང་ན་ཡན་ལག་ཐམས་ཅད་མཉམ་དུ་སྡུག་བསྔལ་མྱོང༌། ཡན་ལག་གཅིག་ལ་བཀུར་སྟི་བྱས་ན་ཐམས་ཅད་ཀྱིས་མཉམ་དུ་དགའ་བར་བྱེད།
27 ཁྱེད་ཚོ་ནི་མཱ་ཤི་ཀའི་སྐུ་གཟུགས་ཡིན་ཏེ། རེ་རེ་དེའི་ཡན་ལག་ཡིན་ནོ། 28 དཀོན་མཆོག་གིས་ཆོས་ཚོགས་ཀྱི་ནང་ལ་དང་པོ་སྐུ་ཚབ། གཉིས་པ་ལུང་སྟོན་པ། གསུམ་པ་སློབ་དཔོན། ངོ་མཚར་བའི་རྟགས་སྒྲུབ་མཁན། ནད་སེལ་བའི་གནང་སྦྱིན་དང་ལྡན་པ། རོགས་བྱེད་པ། འགོ་འཛིན་པ། མི་འདྲ་བའི་སྐད་རིགས་ཤོད་མཁན་བཅས་བཀོད་པར་མཛད། 29 ཐམས་ཅད་སྐུ་ཚབ་ཡིན་ནམ། ཐམས་ཅད་ལུང་སྟོན་པ་ཡིན་ནམ། ཐམས་ཅད་སློབ་དཔོན་ཡིན་ནམ། ཐམས་ཅད་ཀྱིས་ངོ་མཚར་བའི་རྟགས་བྱེད་མཁན་ཡིན་ནམ། 30 ཐམས་ཅད་ལ་ནད་སེལ་བའི་གནང་སྦྱིན་ཡོད་དམ། ཐམས་ཅད་ལ་སྐད་རིགས་གཞན་ཤོད་པའི་གནང་སྦྱིན་དང༌། ཡང་ན་སྐད་སྒྱུར་བའི་གནང་སྦྱིན་ཡོད་དམ། 31 འོན་ཀྱང་གནང་སྦྱིན་ཆེ་བ་རྣམས་ལ་འབད་རྩོལ་གྱིས་ཤིག ད་ངས་ཁྱེད་རྣམས་ལ་བླ་ན་མེད་པའི་ལམ་སྟོན་པར་བྱའོ། །