ལེའུ་བཅུ་བཞི་པ།
ལུང་བསྟན་དང་སྐད་རིགས་གཞན་ཤོད་པའི་གནང་སྦྱིན།
བྱམས་སེམས་ཀྱི་ལས་ལ་འབད་རྩོལ་བྱོས་ཤིང༌། དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་རྣམས་ལ་འབད་རྩོལ་གྱིས། ཁྱད་པར་དུ་ལུང་བསྟན་པའི་གནང་སྦྱིན་དེ་རྩོལ་ཤིག གང་ལགས་ཟེར་ན། སྐད་རིགས་གཞན་ཤོད་པའི་གནང་སྦྱིན་ཡོད་པ་དེས་མི་རྣམས་ལ་མིན་ཏེ་དཀོན་མཆོག་ལ་སྨྲ། ཁོས་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་གསང་བ་སྨྲ་བས་སུས་ཀྱང་ཁོའི་གཏམ་མི་གོ འོན་ཀྱང་ལུང་བསྟན་ཤོད་པ་དེས་མི་རྣམས་ལ་ཡར་སྐྱེད་དང༌། སྐུལ་ལྕག སེམས་གསོ་བའི་གཏམ་སྨྲ། སྐད་རིགས་གཞན་ཤོད་པའི་གནང་སྦྱིན་ཡོད་པ་དེས་རང་ཉིད་ཡར་སྐྱེད་གཏོང༌། འོན་ཀྱང་ལུང་བསྟན་ཤོད་པ་དེས་ཆོས་ཚོགས་ཡར་སྐྱེད་གཏོང༌། ཁྱེད་ཚོ་ཚང་མ་ལ་སྐད་རིགས་གཞན་ཤོད་པའི་གནང་སྦྱིན་ཡོད་པ་ང་དགའ་ཡང༌། དེ་ལས་ཁྱེད་ཚོས་ལུང་བསྟན་པ་ལ་ང་ལྷག་པར་དགའ། སྐད་རིགས་གཞན་ཤོད་མཁན་དེས་ཆོས་ཚོགས་ཡར་སྐྱེད་གཏོང་བའི་ཕྱིར་སྐད་དེ་གཞན་གྱིས་མ་བསྒྱུར་ན། ཁོ་ལས་ལུང་དུ་སྟོན་མཁན་ཆེའོ། །
འོ་ན་སྤུན་ཟླ་རྣམས། གལ་ཏེ་ང་ཁྱེད་ཚོའི་རྩར་ཡོང་ནས་སྐད་རིགས་གཞན་བཤད་ན། གསང་བའམ། ཤེས་རབ་བམ། ལུང་བསྟན་ནམ། བསླབ་བྱ་མ་བསྟན་ན་ཁྱེད་ཚོར་ཅི་ཕན། དཔེར་ན་གླིང་བུའམ། སྒྲ་སྙན་ལ་སོགས་པའི་རོལ་ཆ་སེམས་མེད་རྣམས་ཀྱི་སྒྲ་གདངས་གསལ་པོ་མེད་ན། རོལ་དབྱངས་གང་ཞིག་འཁྲོལ་བ་དེ་ཅི་ལྟར་ཤེས། ཡང་དམག་དུང་གི་སྐད་གསལ་པོ་མ་བཏང་ན་དམག་འཐབ་པར་སུས་གྲ་སྒྲིག་བྱེད། དེ་བཞིན་དུ་ཁྱེད་ཚོས་ཁ་ཡིས་གོ་དོན་རྟོགས་པའི་གཏམ་མ་བཤད་ན། གཏམ་གྱི་དོན་ཅི་ལྟར་ཤེས། བར་སྣང་ལ་གཏམ་བྱེད་པ་ལྟར་ཡིན། 10 འཇིག་རྟེན་ལ་སྐད་རིགས་འདྲ་མིན་མང་པོ་ཡོད་ཀྱང༌། དོན་མེད་པའི་སྐད་རིགས་གཅིག་ཀྱང་མེད། 11 གལ་ཏེ་ངས་སྐད་ཀྱི་དོན་མ་ཤེས་ན། སྐད་ཤོད་མཁན་གྱི་ཆ་ནས་ང་ཕྱི་རྒྱལ་པ་ཡིན་ཞིང༌། ངའི་ཆ་ནས་ཁོ་ཡང་ཕྱི་རྒྱལ་པ་ཡིན། 12 མདོར་ན་ཁྱེད་ཚོས་དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་རྣམས་ཧུར་བརྩོན་འཚོལ་བས། ཆོས་ཚོགས་ཡར་སྐྱེད་གཏོང་བའི་གནང་སྦྱིན་བརྩོན་ལེན་གྱིས་ཤིག
13 དེའི་ཕྱིར་སྐད་རིགས་གཞན་ཤོད་པའི་གནང་སྦྱིན་ཡོད་པ་དེས་སྐད་སྒྱུར་ནུས་པའི་གནང་སྦྱིན་ཐོབ་པར་སྨོན་ལམ་འདེབས་དགོས། 14 གལ་སྲིད་སྐད་རིགས་གཞན་ཐོག་ནས་སྨོན་ལམ་བཏབ་ན། སེམས་ཉིད་ཀྱིས་སྨོན་ལམ་འདེབས་ཀྱང༌། ངའི་བློ་གྲོས་ལ་ཕན་པའི་འབྲས་བུ་མེད། 15 འོ་ན་ཅི་ལྟར་བྱ། ངས་སེམས་ཉིད་དང་བློ་གྲོས་གཉིས་པོས་སྨོན་ལམ་འདེབས་ཤིང༌། སེམས་ཉིད་དང་བློ་གྲོས་གཉིས་པོས་མགུར་གླུ་ལེན་པར་བྱ། 16 དེ་ལྟར་མ་བྱས་ན་སེམས་ཉིད་ཀྱིས་དཀོན་མཆོག་ལ་བསྟོད་པ་ཕུལ་ན། གནང་སྦྱིན་དེ་དང་མི་ལྡན་པས་ཁྱོད་ཀྱི་གཏམ་མི་ཤེས་ཏེ་ཁྱོད་ཀྱི་བཀའ་དྲིན་གྱི་རྗེས་སུ་ཨ་མེན་ཞེས་ཅི་ལྟར་ཟེར། 17 ཁྱོད་ཀྱིས་བཀའ་དྲིན་ལེགས་པར་ཞུ་ཡང༌། གཞན་པ་དེ་ལ་ཡར་སྐྱེད་མི་ཡོང༌། 18 ཁྱེད་ཚོ་ཐམས་ཅད་ལས་ངས་ལྷག་པར་སྐད་རིགས་གཞན་ཤོད་པས་དཀོན་མཆོག་ལ་བཀའ་དྲིན་ཞུ། 19 འོན་ཀྱང་ཆོས་ཚོགས་ཀྱི་ནང་ན་སྐད་རིགས་གཞན་གྱི་ཚིག་ཁྲི་སྨྲ་བ་ལས། མི་གཞན་ལ་བསླབ་བྱ་སྟོན་པའི་ཕྱིར་བློ་གྲོས་ཀྱིས་ཚིག་ལྔ་སྨྲ་བར་ང་ལྷག་པར་དགའོ། །
20 སྤུན་ཟླ་རྣམས། བསམ་བློའི་ཆ་ནས་བྱིས་པ་ལྟར་མུ་མཐུད་མ་བྱོས་ཤིག དེ་ལས་ལྡོག་སྟེ་ངན་པའི་ཐོག་ལ་བྱིས་པར་འགྱུར་ལ། བསམ་བློའི་ཆ་ནས་དར་མར་འགྱུར་ཞིག 21 གསུང་རབ་ཀྱི་མདོ་ལས།
སྐད་རིགས་གཞན་དང་ཕྱི་པའི་ཁ་ཡིས་ནི། །
ང་ཡི་མི་སྡེ་རྣམས་ལ་བརྗོད་འགྱུར་ཀྱང༌། །
ཁོ་ཚོས་མི་ཉན་ནོ་ཞེས་གཙོ་བོས་གསུངས། །*14:21 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་28 ཨང་11-12 ལ་འཁོད་ཡོད།
ཞེས་འཁོད། 22 དེ་བས་ན་སྐད་རིགས་གཞན་སྨྲ་བའི་གནང་སྦྱིན་ནི་དད་ལྡན་ལ་མིན་ཏེ་དད་མེད་པ་རྣམས་ཀྱི་ཆེད་དུ་རྟགས་ཤིག་ཡིན། འོན་ཀྱང་ལུང་བསྟན་པ་ནི་དད་མེད་པ་ལ་མིན་ཏེ་དད་ལྡན་རྣམས་ཀྱི་ཕྱིར་རྟགས་ཤིག་ཡིན། 23 དེར་བརྟེན་ཆོས་ཚོགས་ཧྲིལ་པོ་འཛོམ་དུས་ཐམས་ཅད་ཀྱིས་སྐད་རིགས་གཞན་བཤད་ན། དེའི་དོན་མི་རྟོགས་པའམ། དད་མེད་པ་རྣམས་ཡོང་ན། དེ་ཚོས་ཁྱེད་ཚོ་སྨྱོ་བ་ཡིན་པར་མི་སྨྲའམ། 24 འོན་ཀྱང་གལ་སྲིད་ཐམས་ཅད་ཀྱིས་ལུང་བསྟན་དུས་དད་མེད་པའམ་དོན་མི་རྟོགས་པ་ཞིག་དེར་སླེབས་ན། ཐམས་ཅད་ཀྱིས་ཁོའི་སྡིག་པའི་སྐྱོན་གསལ་པོར་སྟོན་ཞིང༌། ཁྲིམས་གཅོད་བྱེད་དེ། 25 སེམས་ཀྱི་གསང་བ་མངོན་པར་འགྱུར་བས། མི་དེས་ཕྱག་འཚལ་ནས་དཀོན་མཆོག་ལ་བསྙེན་བཀུར་ཞུ་ཞིང༌། ཁོས་དཀོན་མཆོག་ཁྱེད་ཚོའི་ཁྲོད་དུ་ངེས་པར་བཞུགས་ཞེས་ཟེར་འོང༌།
ཆོས་ཚོགས་ཀྱི་སྒྲིག་སྲོལ།
26 འོ་ན་སྤུན་ཟླ་རྣམས། ཅི་བྱ་ཞེ་ན། ཁྱེད་ཚོ་འཛོམ་པའི་དུས་སུ་གཅིག་ལ་མགུར་གླུ། གཅིག་ལ་བསླབ་བྱ། གཅིག་ལ་གསང་བ་མངོན་པར་གསལ་བ། གཅིག་གིས་སྐད་རིགས་གཞན་ཤོད་པ། གཅིག་ལ་བསྒྱུར་འགྲེལ་བཅས་ཡོད། དེ་ཐམས་ཅད་ཆོས་ཚོགས་ཡར་སྐྱེད་གཏོང་བའི་ཆེད་དུ་བྱེད་དགོས། 27 མི་གཉིས་སམ། མང་ཤོས་གསུམ་གྱིས་རེ་མོས་བྱེད་དེ་སྐད་རིགས་གཞན་ཤོད་ཆོག གཅིག་གིས་ངེས་པར་དུ་སྒྱུར་དགོས། 28 སྐད་སྒྱུར་མཁན་མེད་ན། ཁོ་ཚོས་ཆོས་ཚོགས་ཀྱི་ནང་དུ་ཁ་ཁུ་སིམ་པོར་སྡོད་དེ་རང་ཉིད་སོ་སོ་དང་དཀོན་མཆོག་ལ་སྨྲ་དགོས། 29 ལུང་སྟོན་པ་གཉིས་གསུམ་གྱིས་སྨྲ་ཆོག གཞན་གྱིས་སྨྲ་བའི་དོན་དཔྱོད་དགོས། 30 གལ་ཏེ་དེར་སྡོད་པའི་མི་གཞན་ལ་གང་ཞིག་མངོན་པར་གྱུར་ན། དང་པོ་དེ་ཁ་ཁུ་སིམ་པོར་སྡོད་དགོས། 31 གང་ལགས་ཤེ་ན། ཁྱེད་ཚོ་ཐམས་ཅད་ཀྱིས་རེ་མོས་བྱས་ནས་ལུང་དུ་སྟོན་ཐུབ། དེ་ནི་ཐམས་ཅད་ལ་སློབ་ཅིང་སྐུལ་བར་འགྱུར་བའི་ཆེད་དུ་ཡིན། 32 ལུང་སྟོན་པའི་སེམས་ཉིད་རྣམས་ནི་ལུང་སྟོན་པའི་དབང་འོག་ཏུ་ཡོད། 33 གང་ཡིན་ཞེ་ན། དཀོན་མཆོག་ནི་ཟང་ཟིང་མིན་ཏེ་ཞི་བདེའི་དཀོན་མཆོག་ཡིན་ནོ། །
དཀོན་མཆོག་གི་མི་རྣམས་ཀྱི་ཆོས་ཚོགས་ཐམས་ཅད་ཀྱི་ལག་ལེན་འདི་ལྟར་ཏེ། 34 བུད་མེད་རྣམས་ཆོས་ཚོགས་སུ་ཁ་ཁུ་སིམ་པོར་སྡོད་དགོས། ཁོང་ཚོ་སྨྲ་བར་མི་ཆོག་སྟེ། ལུང་སྟོན་པ་མོ་ཤེའི་ཆོས་ཁྲིམས་ཀྱིས་ཀྱང་གསུངས་པ་བཞིན་དུ་ཁོང་རྣམས་དབང་འོག་ཏུ་ཡོད་དགོས། 14:34 སྐུ་ཚབ་པའུ་ལུ་ཡིས་ཀོ་རིན་ཐུ་པ་རྣམས་ལ་བྲིས་པའི་འཕྲིན་ཡིག་དང་པོ་ལེའུ་11 ཨང་5 ལ་གཟིགས། 35 བུད་མེད་ཅིག་གིས་ཆོས་ཚོགས་སུ་སྨྲ་བར་ངོ་གནོང་བའི་རྒྱུ་རྐྱེན་ཡིན་པས། ཇི་ཞིག་ཤེས་པར་འདོད་ན་ཁྱིམ་དུ་རང་གི་ཁྱོ་ལ་འདྲི་དགོས། 36 དཀོན་མཆོག་གི་བཀའ་ཁྱོད་རྣམས་ནས་བྱུང་བ་ཡིན་ནམ། ཡང་ན་ཁྱོད་རྣམས་འབའ་ཞིག་ལ་སླེབས་སམ། 37 སུ་ཞིག་གིས་རང་ལུང་སྟོན་པའམ་ཐུགས་ཉིད་ཀྱི་གནང་སྦྱིན་དང་ལྡན་པ་ཞིག་ཡིན་སྙམ་ན། ངས་ཁྱེད་ཚོར་བྲིས་པ་ནི་གཙོ་བོའི་བཀའ་ཡིན་པར་ཁོས་ཁས་ལེན་བྱེད་དགོས། 38 འོན་ཀྱང་དེ་ཁས་ལེན་མི་བྱེད་པ་ནི་ཁས་ལེན་མི་བྱེད་པར་འགྱུར། 39 དེའི་ཕྱིར་ངའི་སྤུན་ཟླ་རྣམས། ལུང་བསྟན་པ་བརྩོན་ལེན་བྱེད་ཅིང༌། སྐད་རིགས་གཞན་ཤོད་པ་མ་འགོག 40 དོན་ཐམས་ཅད་འོས་འཚམས་དང༌། གོ་རིམ་ལྡན་པའི་སྒོ་ནས་བྱེད་དགོས་སོ། །

*ལེའུ་བཅུ་བཞི་པ།:21 14:21 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་28 ཨང་11-12 ལ་འཁོད་ཡོད།

ལེའུ་བཅུ་བཞི་པ།:34 14:34 སྐུ་ཚབ་པའུ་ལུ་ཡིས་ཀོ་རིན་ཐུ་པ་རྣམས་ལ་བྲིས་པའི་འཕྲིན་ཡིག་དང་པོ་ལེའུ་11 ཨང་5 ལ་གཟིགས།