༄༅། །ཡོ་ཧ་ནན་གྱིས་བྲིས་པའི་འཕྲིན་ཡིག་དང་པོ་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། གཙོ་བོ་ཡེ་ཤུའི་ཉེ་གནས་ཡོ་ཧ་ནན། སྐུ་ཚབ་ཡོ་ཧ་ནན་ཡང་ཟེར།
རྩོམ་དུས། སྤྱི་ལོའི་དུས་རབས་དང་པོའི་དུས་མཇུག་ཙམ་དུ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་ཡིག
ཐོག་མའི་ཀློག་མཁན། ཆོས་ཚོགས་ཚང་མ།
ནང་དོན་གཙོ་བོ། སྤྱི་ལོའི་དུས་རབས་དང་པོའི་དུས་མཇུག་ཙམ་དུ་བསླབ་བྱ་རྫུན་མ་སྟོན་པའི་ཆོས་ཤོད་མཁན་གྱིས་ཆོས་ཚོགས་ལ་སྡུག་པོ་བཏང༌། ཁོ་ཚོས་ཆོས་ལོག་པའི་བསམ་པ་བཞིན་དུ་གཙོ་བོ་ཡེ་ཤུ་ལ་མིའི་རང་གཤིས་མ་གཏོགས་དཀོན་མཆོག་གི་རང་གཤིས་མེད་ཚུལ་བཤད། བསླབ་བྱ་རྫུན་མ་དེ་ཡོ་བསྲང་བྱེད་པའི་ཆེད་དུ་སྐུ་ཚབ་ཡོ་ཧ་ནན་གྱིས་འཕིན་ཡིག་འདི་བྲིས། དེས་མ་ཟད་ཁོང་གིས་མཱ་ཤི་ཀ་པ་རྣམས་ལ་དཔག་ཏུ་མེད་པའི་ཚེ་ཡོད་པ་ཡིད་ཆེས་ངེས་པ་རྙེད་པར་ཤེས་འདོད། དད་ལྡན་རྣམས་ལ་དཀོན་མཆོག་ནི་བྱམས་པ་ཡིན་ཞེས་དྲན་སྐུལ་བྱེད་དེ་སྐུ་ཚབ་ཡོ་ཧ་ནན་གྱིས་མཱ་ཤི་ཀ་པ་རྣམས་ཀྱིས་གཅིག་གིས་གཅིག་ལ་བྱམས་པ་བྱེད་པར་སྐུལ།
ལེའུ་དང་པོ།
ཚེ་སྲོག་གི་བཀའ།
ཚེ་སྲོག་གི་བཀའ། ཐོག་མ་ནས་གང་ཡིན་པ། ང་ཚོས་རང་གི་མིག་གིས་མཐོང་ཞིང་རྣ་བས་ཐོས་པ། གང་ལ་བལྟས་ཤིང་ལག་པས་ཡང་གཏུགས་པ། དེ་ནི་ང་ཚོས་ཁྱེད་ཚོར་སྒྲོག ཡང་ཚེ་སྲོག་དེ་མངོན་སུམ་དུ་གྱུར་བ་དང་ང་ཚོས་མཐོང་མྱོང་བས་དེ་ལ་དཔང་པོ་བྱེད། དེ་ཐོག་མར་ཡབ་དཀོན་མཆོག་དང་བཞུགས་ནས་ང་ཚོར་མངོན་སུམ་དུ་གྱུར་ཏེ་དཔག་ཏུ་མེད་པའི་ཚེ་དེ་ང་ཚོས་ཁྱེད་རྣམས་ལ་སྒྲོག ཁྱེད་ཚོའང་ངེད་རྣམས་དང་ལྷན་དུ་འགྲོགས་པའི་ཕྱིར་ང་ཚོས་གང་མཐོང་ཞིང་ཐོས་པ་དེ་ཁྱེད་རྣམས་ལ་སྒྲོག ང་ཚོ་མཉམ་དུ་འགྲོགས་པ་ནི་ཡབ་དཀོན་མཆོག་དང་ཁོང་གི་སྲས་ཡེ་ཤུ་མཱ་ཤི་ཀ་ཡིན་ནོ། ང་ཚོ་དགའ་སྤྲོས་ཁེངས་པར་འགྱུར་བའི་ཕྱིར་དོན་འདི་རྣམས་འབྲི།
དཀོན་མཆོག་ནི་འོད་ཡིན།
དེ་ཡང་ཁོང་ནས་ཐོས་ཤིང་ཁྱེད་ཚོར་སྒྲོག་པའི་འཕྲིན་འདི་ལྟར་ཡིན་ཏེ། དཀོན་མཆོག་ནི་འོད་ཡིན་ཞིང༌། ཁོང་མུན་པ་དང་གཏན་ནས་བྲལ་ལོ། གལ་ཏེ་ང་ཚོ་ཁོང་དང་འགྲོགས་ཞེས་ཟེར་ནས་མུ་མཐུད་མུན་པའི་ནང་འཚོས་ན། དེ་ནི་རྫུན་སྨྲ་སྟེ་བདེན་པ་བཞིན་དུ་སྤྱོད་པ་མ་ཡིན། ཁོང་ཉིད་འོད་ཀྱི་ནང་ན་བཞུགས་པ་ལྟར་ངེད་རྣམས་ཀྱང་འོད་ནང་འཚོས་ན། ང་ཚོ་གཅིག་དང་གཅིག་ལྷན་དུ་འགྲོགས་ཏེ། ཁོང་གི་སྲས་ཡེ་ཤུའི་སྐུ་ཁྲག་གིས་ང་ཚོའི་སྡིག་ཉེས་ཐམས་ཅད་འདག་པར་མཛད། གལ་ཏེ་ངེད་རྣམས་ཀྱིས་ང་ཚོར་སྡིག་ཉེས་མེད་ཅེས་ཟེར་ན། ང་ཚོས་རང་མགོ་རང་གིས་སྐོར་ཞིང་བདེན་པ་ངེད་རྣམས་ལ་མེད། གལ་ཏེ་ང་ཚོས་རང་གི་སྡིག་ཉེས་ཁས་བླངས་ན། དཀོན་མཆོག་ནི་བློ་གཏད་ཆོག་པ་དང་ཡང་དག་པ་ཡིན་པས་སྡིག་ཉེས་སེལ་ཞིང་དྲང་པོ་མེད་པའི་དྲི་མ་ལས་ཡོངས་སུ་འདག་པར་མཛད། 10 གལ་ཏེ་ང་ཚོས་སྡིག་པའི་ལས་མ་བྱས་ཞེས་ཟེར་ན། ང་ཚོས་དཀོན་མཆོག་རྫུན་གསུང་མཁན་ཡིན་པར་སྨྲ་ཞིང་ཁོང་གི་བཀའ་ངེད་རྣམས་ལ་མེད་དོ། །