ལེའུ་ལྔ་པ།
གཙོ་བོའི་ཉིན་མོ།
སྤུན་ཟླ་རྣམས། དུས་དང་ནམ་དུས་དེའི་སྐོར་ལ་ཁྱེད་ལ་འབྲི་མི་དགོས། གང་ཡིན་ཞེ་ན། གཙོ་བོ་ཡང་བསྐྱར་འབྱོན་པའི་ཉིན་མོ་ནི་དུས་ངེས་མེད་ཀྱི་མཚན་མོའི་རྐུན་མ་བཞིན་གློ་བུར་དུ་ཡོང་རྒྱུ་ཡིན་པར་ཁྱེད་ཉིད་ཀྱིས་ལེགས་པར་ཤེས། མི་ཚོས་ཞི་བ་དང་བདེ་འཇགས་ཞེས་ཟེར་བའི་སྐབས་སུ་སྦྲུམ་མར་སྐྱེ་ཟུག་ལང་བ་ལྟར་གཏོར་བཤིག་གི་ལས་དེ་ཚོར་གློ་བུར་དུ་བབ་རྒྱུ་ཡིན། དེ་ཚོ་བྲོས་བྱོལ་དུ་ཐར་མི་ཐུབ། སྤུན་ཟླ་རྣམས། ཁྱེད་ཚོ་མུན་ནག་གི་ཁྲོད་དུ་མི་སྡོད་པས་གཙོ་བོའི་ཉིན་མོ་ནི་དུས་ངེས་མེད་ཀྱི་རྐུན་མ་ལྟར་ཡོང་རྒྱུར་ཁྱེད་ཚོ་ཧ་ལས་པར་མི་འགྱུར། གང་ཡིན་ཟེར་ན། ཁྱེད་ཚོ་ཚང་མ་ནི་འོད་དང་ཉིན་མོའི་སྲས་ཡིན་པས་སོ། ང་ཚོ་མཚན་མོའམ་མུན་ནག་ཏུ་སྡོད་མཁན་མ་ཡིན། དེར་བརྟེན་ང་ཚོ་གཞན་ལྟར་གཉིད་མི་རུང༌། བློ་གསལ་བར་གནས་ཏེ་ང་ཚོས་རང་ཚོད་ཟིན་དགོས། གཉིད་ཁུག་མཁན་རྣམས་ནི་མཚན་མོར་གཉིད་ཁུག་ཅིང༌། ར་བཟི་མཁན་རྣམས་ཀྱང་མཚན་མོར་ར་བཟི། ང་ཚོ་ཉིན་མོར་སྡོད་མཁན་ཡིན་པས་རང་ཚོད་ཟིན་ཏེ་དད་པ་དང་བྱམས་སེམས་ཀྱི་བྲང་ཁྲབ་གྱོན་ཅིང༌། ཐར་པའི་རེ་བའི་ལྕགས་ཞྭ་གྱོན་དགོས། གང་ལགས་ཟེར་ན། དཀོན་མཆོག་གིས་ང་ཚོ་ཁོང་གི་ཐུགས་ཁྲོ་མྱོང་བར་བསྐོས་པ་མ་གནང་བར། ང་ཚོ་གཙོ་བོ་ཡེ་ཤུ་བརྒྱུད་ནས་ཐར་པ་འཐོབ་པའི་ཕྱིར་བསྐོས་སོ། 10 ང་ཚོ་གསོན་རུང་ཤི་རུང་ཁོང་དང་མཉམ་དུ་གནས་པའི་ཕྱིར་ཁོང་ང་ཚོའི་ཆེད་དུ་གྲོངས། 11 དེའི་ཕྱིར་ཁྱེད་ཚོས་ད་ལྟ་བྱེད་པ་བཞིན་དུ་ཕན་ཚུན་བློ་སྒོ་ཕྱེས་ཤིང་སེམས་གསོ་བར་བྱོས་ཤིག
མཐའ་མཇུག་གི་འཚམས་འདྲི།
12 སྤུན་ཟླ་རྣམས། ཁྱེད་ཚོའི་ཁྲོད་དུ་དཀའ་ལས་རྒྱག་མཁན་དང་ཁ་ཏ་བྱས་ཏེ་གཙོ་བོའི་དབང་ཆ་དང་ལྡན་པའི་དབུ་ཁྲིད་ཡིན་པ་རྣམས་ལ་གུས་བཀུར་བྱེད་པར་ང་ཚོས་སྐུལ། 13 དེ་ཚོའི་འཕྲིན་ལས་ཀྱི་རྐྱེན་གྱིས་བྱམས་སེམས་ཀྱི་ངང་ནས་དེ་ཚོར་གུས་ཞབས་དང་བཀུར་སྟི་བྱོས། ཁྱེད་ཚོ་མཉམ་དུ་ཞི་བདེར་གནས་ཤིག 14 སྤུན་ཟླ་རྣམས་ང་ཚོས་ཁྱེད་ལ་འདི་ལྟར་སྐུལ། ལེ་ལོ་ཅན་ལ་བཀའ་བཀྱོན་གནང་དང༌། བློ་ཁོག་ཆུང་བ་རྣམས་ལ་སེམས་གསོ་གཏོང་ཞིང༌། སྐྱོ་པོ་རྣམས་ལ་རོགས་པ་གནང་ལ་མི་ཚང་མར་བཟོད་པ་སྒོམ་ཞིག 15 སུས་ཀྱང་ངན་ལན་མ་བྱོས། ཁྱེད་ཚོས་རྟག་ཏུ་དད་ལྡན་གཞན་རྣམས་དང་མི་ཚང་མར་བཟང་པོ་བྱེད་པར་བརྩོན་ཅིག 16 རྟག་ཏུ་དགའ་བར་གྱུར་ཅིག 17 རྒྱུན་ཆད་མེད་པར་སྨོན་ལམ་ཐོབ་ཅིང༌། 18 གནས་ཚུལ་གང་ལའང་བཀའ་དྲིན་ཆེ་ཞུས། དེ་ནི་ཁྱེད་ཕྱིར་མཱ་ཤི་ཀ་ཡེ་ཤུའི་ངང་ནས་དཀོན་མཆོག་གི་དགོངས་པ་ཡིན་ནོ། 19-22 དམ་པའི་ཐུགས་ཉིད་ཀྱི་འཕྲིན་ལས་ལ་མ་རྒོལ་ཏེ་ལུང་བསྟན་ལ་མཐོང་ཆུང་མ་བྱས་པར་དེ་ཚོ་ཚང་མར་ལྟ་ཚོད་ཞིབ་ཕྲ་བྱས་ནས་གང་ལེགས་པ་དེ་ཟུངས། ངན་སྤྱོད་ཀུན་ལ་འཛེམས་ཤིག 23 ད་ཞི་བདེ་གནང་མཁན་དཀོན་མཆོག་ཉིད་ཀྱིས་ཁྱེད་རྣམས་ཡོངས་སུ་དམ་པར་སྒྱུར་བར་ཤོག ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་མ་འབྱོན་པའི་བར་དུ་ཁྱེད་ཚོ་ལུས་སེམས་དང་སེམས་ཉིད་སྐྱོན་མེད་དུ་སྲུང་བར་ཤོག་ཅིག 24 ཁྱེད་ཚོ་འབོད་པ་གནང་མཁན་དཀོན་མཆོག་བློ་གཏད་ཆོག་པ་ཡིན་པས་དེ་ལྟར་སྒྲུབ་རྒྱུ་ཡིན་ནོ། 25 སྤུན་ཟླ་རྣམས། ང་ཚོའི་ཆེད་དུ་གསོལ་སྨོན་ཞུས། 26 སྤུན་ཟླ་ཐམས་ཅད་ལ་བྱམས་སེམས་ཀྱི་ཐོག་ནས་འོ་ཡིས་འཚམས་འདྲི་ཞུས། 27 གཙོ་བོ་ཡེ་ཤུའི་དབང་ཆ་ཡིས་ངས་ཡིག་གེ་འདི་སྤུན་ཟླ་ཐམས་ཅད་ལ་ཀློག་ཏུ་འཇུག་པར་བཀོད་པ་གཏོང༌། 28 ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་རྣམས་ལ་ལྡན་པར་གྱུར་ཅིག །