༄༅། །པའུ་ལུ་ཡིས་ཐི་མོ་ཐེ་ལ་བྲིས་པའི་འཕྲིན་ཡིག་དང་པོ་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། སྐུ་ཚབ་པའུ་ལུ།
རྩོམ་དུས། སྤྱི་ལོ་62-66 བར་ཙམ་ལ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་ཡིག
ཐོག་མའི་ཀློག་མཁན། སྐུ་ཚབ་པའུ་ལུའི་ཉེ་གནས་ཐི་མོ་ཐེ།
ནང་དོན་གཙོ་བོ། ཐི་མོ་ཐེ་ནི་ག་ལད་ཡཱ་ཡུལ་གྱི་གཞོན་ནུ་ཡིན་ལ། སྐུ་ཚབ་པའུ་ལུའི་ཉེ་གནས་དང་ཆོས་ཚོགས་རྣམས་སུ་བཏང་བའི་སྐུ་ཚབ་ཡིན། འཕྲིན་ཡིག་ཐུང་ངུ་འདིར་སྐུ་ཚབ་པའུ་ལུ་ཡིས་ཐི་མོ་ཐེ་ལ་ཆོས་ལོག་སྟོན་པའི་སློབ་དཔོན་རྫུན་མ་རྣམས་ལ་དོགས་ཟོན་བྱེད་དགོས་པ་གསུངས། ཁོང་གིས་ཆོས་ཚོགས་ཀྱི་དོ་དམ་དང༌། བསྙེན་བཀུར། འགན་འཁུར་བ་རྣམས་ཀྱི་རང་གཤིས་ཀྱི་སྐོར་བསླབ་བྱ་སྟོན། མཇུག་ཏུ་ཁོང་གིས་ཐི་མོ་ཐེ་ལ་དྲང་བདེན་གྱི་ལས། ཆོས་སེམས། དད་པ། བྱམས་སེམས། བཟོད་པའི་སེམས། སེམས་དུལ་པོ་བཅས་ལ་འབད་བརྩོན་བྱེད་པར་སྐུལ།
ལེའུ་དང་པོ།
འཚམས་འདྲི།
1 ངེད་རྣམས་ཀྱི་སྐྱབས་མགོན་དཀོན་མཆོག་དང༌། རེ་བ་བཅོལ་བའི་མཱ་ཤི་ཀ་ཡེ་ཤུ་གཉིས་ཀྱི་བཀའ་བཞིན་དུ་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་ང་པའུ་ལུ་ཡིས་ 2 དད་པའི་ཐོག་ནས་ངའི་བདེན་པའི་བུ་ལྟར་ཡིན་པ་ཐི་མོ་ཐེ་ལ་འཕྲིན་ཡིག་འདི་ཕུལ་ལོ། ཡབ་དཀོན་མཆོག་དང་མཱ་ཤི་ཀ་ཡེ་ཤུ་ངེད་རྣམས་ཀྱི་གཙོ་བོ་ནས་ཐུགས་རྗེ་དང༌། བཀའ་དྲིན། ཞི་བདེ་བཅས་ཁྱེད་ལ་འཐོབ་པར་གྱུར་ཅིག
ཆོས་ལོག་འགོག་པའི་སྐོར།
3 མ་ཀེ་དོན་ཡཱ་ཡུལ་ལ་འགྲོ་བའི་སྐབས་སུ་ངས་ཁྱེད་ལ་སྔར་བསྐུལ་བ་ལྟར། ཨེ་ཕེ་སུ་གྲོང་ཁྱེར་ལ་གནས་ཤིག དེ་ནི་ཁྱེད་ཀྱིས་མི་ཁ་ཤས་ལ་ཆོས་ལོག་མ་སྟོན་ཞིང༌། 4 སྙིང་པོ་མེད་པའི་སྒྲུང་དང༌། རྫོགས་མཐའ་མེད་པའི་སྐྱེས་རབས་ལ་དོ་སྣང་མི་བྱེད་པའི་བཀའ་སྒོ་བའི་ཆེད་དུ་ཡིན། དད་པའི་སྒོ་ནས་སྒྲུབ་པའི་དཀོན་མཆོག་གི་འཕྲིན་ལས་ཀྱི་ཚབ་ལ་བྱ་བ་དེ་ཚོ་ལས་རྩོད་གླེང་འབྱུང་བའི་ཕྱིར་རོ། 5 ངེད་རྣམས་ཀྱི་བསླབ་བྱའི་དམིགས་ཡུལ་ནི་སྙིང་ཐག་པ་དང༌། སེམས་བཟང་པོ། བཅོས་མིན་གྱི་དད་པ་གསུམ་ལས་འབྱུང་བའི་བྱམས་སེམས་ཡིན། 6 མི་ཁ་ཤས་ཀྱིས་དོན་དེ་ཚོ་དོར་ནས་སྙིང་པོ་མེད་པའི་གཏམ་སྨྲ་ཞིང༌། 7 རང་གིས་གང་བཤད་པ་དང༌། ཡིད་རྟོན་བྱེད་པའི་དོན་མི་རྟོགས་ཀྱང༌། ཆོས་ཁྲིམས་ཀྱི་སློབ་དཔོན་དུ་འགྱུར་བར་འདོད། 8 མི་ཞིག་གིས་ཆོས་ཁྲིམས་ཡང་དག་པའི་སྒོ་ནས་བཀོལ་ན་དེ་བཟང་པོ་ཡིན་པ་ང་ཚོས་ཤེས། 9 ཆོས་ཁྲིམས་ནི་དྲང་ལྡན་རྣམས་མ་ཡིན་པར། ཁྲིམས་འགལ་མཁན་དང༌། ངོ་ལོག་པ། དཀོན་མཆོག་ལ་བཀུར་སྟི་མི་བྱེད་པ། སྡིག་ཉེས་ཅན། ཆོས་མེད་པ། དཀོན་མཆོག་ལ་སྡང་བ། ཕ་མའམ་མི་གཞན་གསོད་མཁན། 10 ལོག་གཡེམ་བྱེད་མཁན། ཕོ་གཉིས་མཉམ་དུ་སྤྱོད་པ། བྲན་གཡོག་ཉོ་འཚོང་མཁན། རྫུན་གཏམ་ཤོད་མཁན། མནའ་ལ་མི་རྩི་མཁན་དང༌། ཡང་དག་པའི་བསྟན་པ་དང་མི་མཐུན་པའི་དོན་གང་ཞིག་གི་ཆེད་དུ་གནང་བ་ཡིན་པ་དེ་ང་ཚོས་ཤེས། 11 ཡང་དག་པའི་བསྟན་པ་དེ་ནི། བསྟོད་འོས་པའི་དཀོན་མཆོག་གི་གཟི་བརྗིད་དང་ལྡན་པའི་འཕྲིན་བཟང་དང་མཐུན། དེ་ང་ལ་བཅོལ་བ་ཡིན།
དཀོན་མཆོག་གི་ཐུགས་རྗེ་ལ་བཀའ་དྲིན་ཆེ་ཞུ་བ།
12 ང་ལ་ནུས་པ་གནང་མཁན་མཱ་ཤི་ཀ་ཡེ་ཤུ་ངེད་རྣམས་ཀྱི་གཙོ་བོ་ལ་བཀའ་དྲིན་ཆེ་ཞུ། གང་ཡིན་ཟེར་ན། ཁོང་གིས་ང་བློ་གཏད་ཆོག་པ་ཞིག་ཡིན་པར་བརྩིས་ནས་ཞབས་ཏོག་གི་ལས་སུ་བསྐོས་པས་སོ། 13 སྔར་ང་ནི་དཀོན་མཆོག་ལ་སྐུར་བ་འདེབས་མཁན་དང༌། དད་ལྡན་རྣམས་ལ་མནར་གཅོད་གཏོང་མཁན་གྱི་གདུག་རྩུབ་ཆེ་བའི་མི་ཞིག་ཡིན་ཡང༌། ངས་དོན་ལ་རྨོངས་ཤིང་དད་པ་མེད་པར་དེ་བཞིན་དུ་བྱས་པས་ང་ལ་ཐུགས་རྗེ་གནང་བྱུང༌། 14 ཐུགས་རྗེ་དེ་ནི་མཱ་ཤི་ཀ་ཡེ་ཤུ་ལས་འབྱུང་བའི་དད་པ་དང་བྱམས་སེམས་དང་མཉམ་དུ་ང་ལ་ལྷག་པར་གནང༌། 15 མཱ་ཤི་ཀ་ཡེ་ཤུ་སྡིག་ཉེས་ཅན་རྣམས་སྐྱོབ་པའི་ཕྱིར་འཇིག་རྟེན་དུ་བྱོན་ནོ་ཞེས་པའི་གཏམ་འདི་ནི་བདེན་ཞིང་ཧ་ཅང་ཁས་ལེན་བྱེད་འོས་པ་ཞིག་ཡིན་ཏེ། སྡིག་ཉེས་ཅན་དེ་ཚོའི་ཁྲོད་དུ་ང་ནི་སྡུག་ཤོས་ཡིན། 16 དེ་ནི་ཡེ་ཤུ་མཱ་ཤི་ཀས་སྡིག་ཉེས་ཅན་ཆེ་ཤོས་ང་ལ་ཐུགས་རྗེ་གནང་བ་སྟེ། ང་ཐོག་ནས་ཁོང་གི་ཚད་མེད་ཀྱི་བཟོད་བསྲན་མངོན་ལ། ཁོང་ལ་རྗེས་སུ་དད་པ་བྱས་ནས་དཔག་ཏུ་མེད་པའི་ཚེ་འཐོབ་མཁན་ཚོའི་དཔེ་སྟོན་པའི་ཆེད་དུ་ཡིན། 17 ད་གཏན་དུ་གནས་པའི་རྒྱལ་པོ། འཆི་བ་མེད་པ། མིག་གིས་མཐོང་མི་ཐུབ་པ། གཅིག་ལགས་པའི་དཀོན་མཆོག་ལ་བཀུར་སྟི་དང་བསྟོད་པ་དུས་རྒྱུན་དུ་འབུལ་བར་གྱུར་ཅིག ཨ་མེན།
18 ངའི་བུ་ཐི་མོ་ཐེ། ཁྱོད་ཀྱི་སྐོར་སྔར་ལུང་བསྟན་གནང་བ་བཞིན་དུ་ངས་ཁྱོད་ལ་དེ་ལྟར་བསྐུལ། ལུང་བསྟན་དེ་ཚོའི་སྒོ་ནས་ཁྱོད་ཀྱིས་དམག་འཐབ་ལེགས་པོ་གྱིས་ཤིག *1:18 འདིར་དམག་འཐབ་ནི་ལུང་སྟོན་པ་རྫུན་མ་རྣམས་ལ་སུན་འབྱིན་དང༌། ལུང་བསྟན་དེའི་ཚིག་གི་མཚོན་ཆ་ཐོག་ནས་ངོ་རྒོལ་བྱེད་པར་གོ 19 དད་པ་དང་སེམས་བཟང་ལ་བརྟན་པོར་གནས། མི་ཁ་ཤས་ཀྱིས་སེམས་བཟང་པོ་དོར་ནས་དད་སེམས་མཚོ་ལ་གྲུ་ལྟར་ནུབ། 20 ཁོ་ཚོའི་ནང་ནས་ཧི་མེ་ནཱ་ཡུ་དང་ཨ་ལིག་ཟན་ཌེར་གཉིས་ཀྱིས་སླར་དཀོན་མཆོག་ལ་སྐུར་བ་མི་འདེབས་པའི་ཆེད་དུ་ངས་བདུད་སཱ་ཏན་ལ་གཏད་ཟིན་ནོ། །
*ལེའུ་དང་པོ།:18 1:18 འདིར་དམག་འཐབ་ནི་ལུང་སྟོན་པ་རྫུན་མ་རྣམས་ལ་སུན་འབྱིན་དང༌། ལུང་བསྟན་དེའི་ཚིག་གི་མཚོན་ཆ་ཐོག་ནས་ངོ་རྒོལ་བྱེད་པར་གོ