ལེའུ་བདུན་པ།
གཅེས་པའི་སྤུན་ཟླ་རྣམས། ང་ཚོ་ལ་ཞལ་ཆད་འདི་ཚོ་ཡོད་པས། རང་གི་ལུས་དང་སེམས་གཉིས་ལ་མི་གཙང་བར་བྱེད་པ་ཐམས་ཅད་ལས་དག་པར་བྱེད་དགོས། དེ་ལྟར་དཀོན་མཆོག་ལ་བསྙེན་བཀུར་བྱེད་པའི་སྒོ་ནས་ང་ཚོས་ཡོངས་སུ་རྫོགས་པའི་དམ་པ་ཞིག་བྱེད་པར་བྱ།
པའུ་ལུའི་དགའ་སྤྲོ་ཆེན་པོ།
ང་ཚོའི་ཆེད་དུ་སེམས་ཀྱི་སྒོ་འབྱེད་དང༌། ང་ཚོས་སུ་ལ་ཡང་སྡུག་པོ་མ་བཏང༌། ངན་རུལ་བྱེད་དུ་མ་བཅུག སུ་ཡང་མ་སྤྱད། ཁྱེད་ཚོར་སྐྱོན་འཛུགས་བྱེད་པར་དེ་མི་སྨྲ། ངས་སྔར་བཤད་པ་ལྟར། ཁྱེད་ཚོ་ངེད་རྣམས་ཀྱི་སེམས་ལ་ཡོད་དེ་མཉམ་ཤི་མཉམ་གསོན་ཡིན། ངས་ཁྱེད་ཚོར་བློ་ཁོག་ཆེན་པོས་བྱེད། ང་ཁྱེད་ཚོ་ལ་སྤོབས་པ་ཆེན་པོ་ཡོད། ཁྱེད་ཚོས་ང་ལ་སེམས་གསོ་མང་པོ་བཏང་ཞིང༌། སྡུག་བསྔལ་ཐམས་ཅད་མྱོང་དུས་དགའ་སྤྲོ་ཆེན་པོས་ཁེངས།
དཔེར་ན། མ་ཀེ་དོན་ཡཱ་ཡུལ་དུ་སླེབས་སྐབས་ང་ཚོའི་གཟུགས་པོ་ལ་ངལ་གསོ་མ་བྱུང༌། ཕྱི་ལ་འཁྲུག་པ་དང་ནང་ལ་འཇིགས་པ་ཡོད་པས་ཕྱོགས་ཀུན་ནས་སྡུག་བསྔལ་མང་པོ་བྱུང༌། འོན་ཀྱང་བློ་ཕམ་པ་རྣམས་ལ་སེམས་གསོ་མཛད་མཁན་དཀོན་མཆོག་གིས་ཐེ་ཏུ་སླེབས་པའི་སྒོ་ནས་ང་ཚོར་སེམས་གསོ་མཛད། ཡང་ཁོང་ཡོང་བ་གཅིག་པུས་མ་ཟད་དེ། ཁོང་ལ་ཁྱེད་རྣམས་ལས་བྱུང་བའི་སེམས་གསོ་དང༌། ཁྱེད་ཚོས་ང་ཤིན་ཏུ་དྲན་པ་དང༌། ཁྱེད་ཀྱི་གནོང་འགྱོད། ངའི་དོན་ལ་བརྩོན་སེམས་ཀྱི་གཏམ་བཤད་པས་ངའི་དགའ་སྤྲོ་སྔོན་ལས་ཆེ་བར་འགྱུར། སྔར་བྲིས་པའི་ཡི་གེ་དེ་ཡིས་ངས་ཁྱེད་ཚོར་སེམས་སྐྱོ་བར་བྱས་ཀྱང་འགྱོད་པ་མ་སྐྱེ། (འོན་ཀྱང་དོན་དམ་དུ་ངས་ཁྱེད་ཚོར་དུས་ཐུང་ངུ་སེམས་སྡུག་བྱེད་པ་མཐོང་བས་འགྱོད་པ་སྐྱེས་) ཁྱེད་ཚོ་སེམས་སྐྱོ་བར་གྱུར་བ་མ་ཡིན་གྱིས། སྤྱོད་པ་ངན་པ་སྤངས་ནས་སེམས་བསྒྱུར་བ་ཙམ་དུ་འགྱོད་པ་སྐྱེ་བས་ད་ང་དགའ་བར་འགྱུར། སེམས་སྐྱོ་བ་དེ་དཀོན་མཆོག་གི་ཐུགས་དགོངས་ཡིན་པས། ང་ཚོའི་སྒོ་ནས་ཁྱེད་རྣམས་ལ་གནོད་པ་ཅིའང་མ་བྱུང༌། 10 དཀོན་མཆོག་གི་ཐུགས་དགོངས་བཞིན་སེམས་སྐྱོ་བ་དེ་ལས་སེམས་བསྒྱུར་བ་འབྱུང༌། སེམས་སྐྱོ་བ་དེ་ནི་འགྱོད་པ་མེད་པ་ཡིན་ཞིང༌། དེ་ལས་ཐར་པ་འབྱུང༌། འོན་ཀྱང་འཇིག་རྟེན་གྱི་སེམས་སྐྱོ་བ་ལས་འཆི་བ་འབྱུང་ངོ༌། 11 དཀོན་མཆོག་གི་དགོངས་པ་ལྟར་སེམས་སྐྱོ་བ་འདི་ཡིས་ཁྱེད་རྣམས་ལ་ཇི་ལྟ་བུའི་བརྩོན་འགྲུས། སྐྱོན་མེད་སྟོན་པའི་བརྩོན་སེམས། ཉེས་ཅན་པ་དེ་ལ་རྒོལ་བ། འཇིགས་པ། དྲན་པ། བརྩོན་སེམས། སྡིག་ཉེས་ལ་ཆད་པ་གཅོད་འདོད་པ་བཅས་ཁྱེད་ཚོའི་ནང་ལ་བསྐྱེད་པའི་འབྲས་བུ་ལ་ལྟོས་ཤིག རྣམ་པ་ཀུན་ནས་ཁྱེད་ཚོས་དོན་འདིའི་ཐོག་སྐྱོན་མེད་གཙང་མ་ཡིན་པར་བསྟན། 12 དེའི་ཕྱིར་ངས་ཁྱེད་ཚོར་ཡི་གེ་དེ་བྲིས་ཀྱང༌། ཉེས་ཅན་པ་དེའམ། ཉེས་པ་འཕོག་པའི་མིའི་དོན་ལ་མ་ཡིན་གྱི། དཀོན་མཆོག་གི་སྤྱན་སྔར་ཁྱེད་ཚོས་ངེད་རྣམས་ལ་ཅི་འདྲའི་འབད་བརྩོན་བྱེད་པ་སྟོན་པའི་ཆེད་དུ་ཡིན། 13 དེ་བས་ན་ང་ཚོར་སེམས་གསོ་ཐོབ།
དེས་མ་ཟད་ཐེ་ཏུ་དགའ་བར་གྱུར་བས་ང་ཚོས་དེ་བས་ཀྱང་དགའ་བར་བྱས། གང་ཡིན་ཞེ་ན། ཁྱེད་ཚོ་ཐམས་ཅད་ཀྱིས་ཁོང་བློ་བདེ་བར་བཅུག 14 ཁོའི་མདུན་དུ་ངས་ཁྱེད་ཚོར་གང་ཞིག་ལ་སྤོབས་པ་བྱས་པ་ལས་ངོ་ཚ་བར་མ་གྱུར། ངེད་ཀྱིས་ཁྱེད་ཚོར་བཤད་པ་ཐམས་ཅད་བདེན་པ་ཡིན་པ་ལྟར། ཐེ་ཏུའི་མདུན་དུ་ཁྱེད་ཀྱི་སྐོར་སྤོབས་པ་བྱས་པ་ཡང་བདེན་པ་ཡིན་པ་ར་སྤྲོད་བྱུང༌། 15 ཡང་ཐེ་ཏུས་ཁྱེད་ཚོ་ཐམས་ཅད་ཀྱིས་ཁ་ལ་ཉན་པ་དང༌། འཇིགས་ཤིང་འདར་བའི་སྒོ་ནས་ཁོང་ལ་སྣེ་ལེན་ཞུས་པར་དྲན་པས་ཁོང་གིས་ཁྱེད་རྣམས་ལ་སྔར་ལས་ལྷག་པར་གཅེས། 16 རྣམ་པ་ཀུན་ཏུ་ཁྱེད་ཚོ་ལ་ཡིད་ཆེས་བརྟན་པོ་ཡོད་པས་ངས་དགའ་བར་བྱེད་དོ། །