ལེའུ་དགུ་པ།
དཀོན་མཆོག་གི་མི་རྣམས་ལ་སྦྱིན་པ་གཏོང་བ།
དཀོན་མཆོག་གི་མི་རྣམས་ལ་སྦྱིན་པ་གཏོང་བའི་སྐོར་ངས་ཁྱེད་ཚོར་ཡི་གེ་འབྲི་མི་དགོས། གང་ཡིན་ཟེར་ན། ཁྱེད་ཚོའི་སྦྱིན་པ་གཏོང་སེམས་ཤེས་པས། ངས་ཨ་ཀ་ཡཱ་ཡུལ་གྱི་དད་ལྡན་རྣམས་ན་ནིང་ནས་སྦྱིན་པ་གཏོང་བའི་གྲ་སྒྲིག་ཡོད་ཅེས་ཟེར་ཏེ་མ་ཀེ་དོན་ཡཱ་ཡུལ་པ་རྣམས་ལ་ཁྱེད་ཚོར་བསྟོད། ཁྱེད་ཀྱི་བརྩོན་སེམས་ཀྱིས་ཁོ་ཚོ་མང་ཆེ་བ་སྦྱིན་པ་གཏོང་བར་བསྐུལ། དོན་འདིར་ཁྱེད་ཚོར་བསྟོད་པ་དེ་དོན་མེད་དུ་མི་འགྱུར་བ་དང༌། ངས་སྨྲས་པ་ལྟར་ཁྱེད་ཚོ་སྦྱིན་པ་གཏོང་བར་གྲ་སྒྲིག་བྱ་རྒྱུའི་ཕྱིར་ངས་སྤུན་ཟླ་དེ་རྣམས་གཏོང༌། དེ་མིན་མ་ཀེ་དོན་ཡཱ་ཡུལ་པ་ཁ་ཤས་ང་དང་མཉམ་དུ་ཡོང་ནས་ཁྱེད་ཚོས་གཏོང་བའི་སྦྱིན་པ་གྲ་སྒྲིག་བྱས་མེད་པར་མཐོང་ན། དོན་འདིར་ང་ཚོ་ངོ་ཚ་འབྱུང་ཉེན་ཡོད་ལ་ཁྱེད་ཚོ་ནི་བཤད་མི་དགོས་སོ། དེའི་ཕྱིར་ཁྱེད་ཀྱིས་སྔར་ཁ་ཆད་བྱས་པའི་སྦྱིན་པ་དེ་གྲ་སྒྲིག་བྱས་ཟིན་པའི་ཆེད་དུ་ངས་སྤུན་ཟླ་རྣམས་ངའི་སྔོན་དུ་ཁྱེད་ཀྱི་རྩར་གཏོང་དགོས་སྙམ། དེ་ནས་ཁྱེད་ཚོས་གྲ་སྒྲིག་བྱས་ཟིན་པའི་སྦྱིན་པ་དེ་གཏོང་ཕོད་པ་ཡིན་པ་ལས་མི་འདོད་བཞིན་དུ་མིན་པར་སྟོན།
ངའི་དོན་འདི་ཡིན། ས་བོན་ཉུང་ངུ་འདེབས་མཁན་ལ་ལོ་ཏོག་ཉུང་ངུ་འབྱུང༌། ས་བོན་མང་པོ་འདེབས་མཁན་ལ་ལོ་ཏོག་མང་པོ་འབྱུང༌། ལག་པ་བཀྲེན་པོའམ། བཙན་གྱིས་གཏོང་བ་མ་ཡིན་པར། ཁྱེད་ཚོ་རེ་རེའི་སེམས་ཀྱིས་ཐག་བཅད་པ་ལྟར་འབུལ་དགོས། གང་ཡིན་ཟེར་ན། དགའ་སྤྲོ་སྦྱིན་པ་གཏོང་མཁན་ལ་དཀོན་མཆོག་ཐུགས་མཉེས་སོ། ཡང་དཀོན་མཆོག་གིས་གཏོང་ཕོད་ཆེན་པོས་ཁྱེད་ཚོར་མཁོ་བ་ཐམས་ཅད་གནང་ཐུབ། དེ་ནས་ཁྱེད་རྣམས་ལ་གང་དགོས་པ་རྟག་ཏུ་ཡོད་པས་ཁྱེད་ཚོས་ལས་བཟང་མི་འདྲ་བ་མང་པོ་སྒྲུབ་ཐུབ། གསུང་རབ་ཏུ།
གཏོང་ཕོད་ཆེན་པོས་དབུལ་པོར་སྦྱིན། །
ཁོང་གི་དྲང་བདེན་རྟག་ཏུ་གནས། །*9:9 གསུང་མགུར་ཞེས་པའི་མདོ་ལེའུ་112 ཨང་གྲངས་9 ནས་བཀོད་པ་ཡིན།
ཞེས་འཁོད། 10 ས་བོན་འདེབས་མཁན་ལ་ས་བོན་དང༌། ཟ་བྱེད་ཀྱི་བག་ལེབ་མཁོ་འདོན་གནང་མཁན་དཀོན་མཆོག་གིས་ཁྱེད་ལ་ས་བོན་མཁོ་འདོན་གནང་ཞིང་མང་དུ་གཏོང་སྟེ། ཁྱེད་ཀྱི་དྲང་བ་ཉིད་ཀྱི་ལོ་ཏོག་སྤེལ་བར་མཛད། 11 ཁྱེད་ཚོས་རྟག་ཏུ་གཏོང་ཕོད་ཆེན་པོས་སྦྱིན་པ་གཏོང་ཐུབ་པའི་ཕྱིར། ཁྱེད་ཚོ་རྣམ་པ་ཀུན་ཏུ་ཕུན་སུམ་ཚོགས་པར་འགྱུར། དེ་ནས་ང་ཚོའི་སྒོ་ནས་མི་རྣམས་ཀྱིས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་འོང༌། 12 གང་ཡིན་ཞེ་ན། སྦྱིན་པའི་ཞབས་ཏོག་འདི་ཡིས་དཀོན་མཆོག་གི་མི་རྣམས་ཀྱི་དགོས་མཁོ་སྒྲུབ་པ་མ་ཟད། ཁོ་ཚོས་དགའ་བའི་ངང་ནས་དཀོན་མཆོག་ལ་བཀའ་དྲིན་ཆེ་མང་པོ་ཞུ། 13 སྦྱིན་པའི་ཞབས་ཏོག་འདི་བརྒྱུད་ནས། ཁོ་ཚོས་དཀོན་མཆོག་ལ་བསྟོད་པ་ཕུལ་བར་འགྱུར། གང་ལགས་ཤེ་ན། ཁྱེད་ཀྱིས་ཁོ་ཚོ་དང་དད་ལྡན་ཀུན་ལ་གཏོང་ཕོད་བྱས་པ་དེས། ཁྱེད་ཚོས་མཱ་ཤི་ཀའི་འཕྲིན་བཟང་ཁས་ལེན་ནས་ཉན་པ་ར་སྤྲོད་བྱེད། 14 དཀོན་མཆོག་གིས་ཁྱེད་ཚོར་ཚད་མེད་པའི་ཐུགས་རྗེ་གནང་བས་ཁོ་ཚོས་ཀྱང་ཤིན་ཏུ་བརྩེ་བའི་ངང་ནས་ཁྱེད་ཚོར་སྨོན་ལམ་འདེབས་པར་འགྱུར། 15 བརྗོད་ལས་འདས་པའི་གནང་སྦྱིན་གྱི་དོན་དུ་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུའོ། །

*ལེའུ་དགུ་པ།:9 9:9 གསུང་མགུར་ཞེས་པའི་མདོ་ལེའུ་112 ཨང་གྲངས་9 ནས་བཀོད་པ་ཡིན།