ལེའུ་ཉེར་དྲུག་པ།
པའུ་ལུས་རྒྱལ་པོ་ཨག་རི་པཱ་ཡི་མདུན་དུ་གསལ་བཤད་བྱས་པ།
1 རྒྱལ་པོ་ཨག་རི་པཱ་ཡིས་པའུ་ལུ་ལ་“གཏམ་བྱེད་ཆོག་”ཅེས་སྨྲས་ནས་པའུ་ལུས་ཕྱག་བརྐྱངས་ཏེ་ཉེས་སྐྱོན་མེད་པའི་སྐོར་ཁོ་རྣམས་ལ་གསལ་བཤད་བྱེད་དེ་ 2 “ཀྱེ་རྒྱལ་པོ་ཨག་རི་པཱ་ལགས། ཡ་ཧུ་དཱ་པ་རྣམས་ཀྱིས་ང་ལ་ཉེས་འགེལ་བྱས་པའི་དོན་ཐམས་ཅད་ལ་བལྟས་ནས་དེ་རིང་ཁྱེད་ཀྱི་མདུན་དུ་ངས་ང་ལ་སྐྱོན་མེད་པའི་སྐོར་ཤོད་པར་ཤིན་ཏུ་དགའོ། 3 གང་ཡིན་ཟེར་ན། སྐུ་ཉིད་ཀྱིས་ཡ་ཧུ་དཱ་པའི་ལུགས་སྲོལ་དང་རྩོད་གླེང་ཐམས་ཅད་ལེགས་པར་མཁྱེན་པས་སོ། ཁྱེད་ཀྱིས་ཐུགས་རྒྱུད་རིང་པོས་ང་ལ་གསན་རོགས་གནང༌། 4 ང་ཆུང་དུས་ནས་ངའི་མི་རིགས་ཀྱི་ཁྲོད་དང༌། ཡེ་རུ་ཤ་ལེམ་དུ་བསྡད་པ་ནས་བཟུང་ངའི་སྤྱོད་ལམ་ཅི་ལྟར་ཡིན་པ་དེ་ཡ་ཧུ་དཱ་པ་ཐམས་ཅད་ཀྱིས་ཤེས། 5 ང་ངོ་ཤེས་ནས་ཡུན་རིང་ཕྱིན་པས། ངེད་རྣམས་ཀྱི་ཆོས་ལུགས་ཀུན་ལས་ཀྱང་ནན་པའི་རུ་ཚོགས་ཤིག་སྟེ་ཕཱ་རུ་ཤི་པ་ལྟར་ངས་མི་ཚེ་བསྐྱལ་བར་གལ་སྲིད་ཁོ་ཚོས་བདེན་དཔང་བྱེད་འདོད་ན་བྱེད་ཐུབ། 6 དཀོན་མཆོག་གིས་ངེད་རྣམས་ཀྱི་མེས་པོ་རྣམས་ལ་ཞལ་གྱིས་བཞེས་པའི་མནའ་ལ་ངས་ཡིད་རྟོན་བྱས་པའི་རྐྱེན་གྱིས་ད་ལྟ་ཁྲིམས་གཅོད་མྱོང༌། 7 ངེད་རྣམས་ཀྱི་ཚོ་ཁག་བཅུ་གཉིས་ཀྱིས་ཉིན་མཚན་མེད་པར་དཀོན་མཆོག་ལ་བརྩོན་སེམས་ཀྱིས་བསྙེན་བཀུར་ཞུ་བཞིན་ཞལ་ཆད་དེ་འགྲུབ་པའི་རེ་བ་བྱེད། མི་རྗེ་ཨག་རི་པཱ་ལགས། དོན་དེའི་ཕྱིར་ཡ་ཧུ་དཱ་པ་རྣམས་ཀྱིས་ང་ལ་ནག་ཉེས་འཛུགས། 8 ཁྱེད་ཚོའི་ནང་ནས་སུ་ཞིག་གིས་དཀོན་མཆོག་གིས་གཤིན་པོ་རྣམས་སླར་གསོན་པར་མཛད་པར་ཡིད་ཆེས་བྱེད་མི་སྲིད་སྙམ་པ་དེ་ཅིའི་ཕྱིར།
9 ངས་ཀྱང་ན་ཙ་རེལ་པ་ཡེ་ཤུའི་མཚན་ལ་རྒོལ་ཅི་ཐུབ་བྱེད་དགོས་པར་བསམས་པས། 10 ཡེ་རུ་ཤ་ལེམ་ལ་དེ་ལྟར་བྱས། བླ་ཆེན་གྱི་དབང་ཐོབ་ནས་ངས་དད་ལྡན་མང་པོ་བཙོན་དུ་བཅུག་པ་མ་ཟད། ཁོ་ཚོ་སྲོག་ཁྲིམས་གཏོང་བར་ངས་ཀྱང་མོས་པ་བྱས། 11 ཡ་ཧུ་དཱ་པའི་འདུ་ཁང་རེ་རེའི་ནང་ངས་ཁོ་ཚོར་ཉེས་ཆད་ཐེངས་མང་བཅད་དེ་ཁོ་ཚོས་སྐུར་བ་འདེབས་སུ་བཅུག་པའི་ཐབས་བཙལ། ཁོང་ཁྲོ་ཚད་མེད་ལངས་ནས་ངས་ཕྱི་པའི་གྲོང་ཁྱེར་ལའང་གནོད་འཚེ་བྱེད་ཆེད་ཁོ་ཚོ་རྗེས་སུ་བསྙེགས་ཏེ། 12 དེ་ལྟར་བྱེད་པའི་དུས་སུ། ང་ལ་བླ་ཆེན་གྱི་དབང་དང་ཆོག་མཆན་ཐོབ་སྟེ་དཱ་མེ་སེག་གྲོང་ཁྱེར་དུ་འགྲོ་བཞིན་ཡོད། 13 རྒྱལ་པོ་ཨག་རི་པཱ་ལགས། ལམ་བར་དུ་ཉིན་གུང་ཞིག་ལ་ངས་ནམ་མཁའ་ནས་ཉི་མའི་འོད་ལས་ཆེ་བ་ཞིག་ང་དང་ངའི་ལམ་གྲོགས་ཀྱི་ཕྱོགས་བཞིར་འཕྲོས་པར་མཐོང༌། 14 ང་ཚོ་ཚང་མ་ས་ལ་འགྱེལ་དུས། ཡ་ཧུ་དཱ་པའི་སྐད་ནས་ང་ལ། ཤ་ཨུལ། ཤ་ཨུལ། ཁྱོད་ཀྱིས་ང་ལ་ཅིའི་ཕྱིར་གནོད་སྐྱེལ། ཕྱུགས་རྫིའི་ལྕག་ཚན་ལ་རྡོག་རྒྱག་བཞུས་ན་ཁྱོད་ལ་གནོད་པ་ཡོང་ཞེས་གསུངས་པའི་སྒྲ་ཞིག་ཐོས་བྱུང༌། 15 ངས་གཙོ་བོ་ལགས། ཁྱེད་སུ་ཡིན་ཞེས་བཤད་པས་ཁོང་གིས་ང་ནི་ཁྱོད་ཀྱིས་གནོད་སྐྱེལ་བཞིན་པ་ཡེ་ཤུ་ཡིན་ནོ། 16 ད་ཡར་ལོངས་ཤིག ཁྱོད་ཀྱིས་གང་མཐོང་བ་འདི་དང༌། ངས་ཁྱོད་ལ་སྟོན་པར་འགྱུར་བའི་དོན་ལ་དཔང་པོ་བྱེད་ཅིང༌། ཁྱོད་ནི་ངའི་གཡོག་པོར་སྐོ་བའི་ཆེད་དུ་མངོན་པར་གྱུར། 17-18 ངས་ཁྱོད་ཁྱོད་ཀྱི་མི་རིགས་དང༌། ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་དབང་ལས་སྒྲོལ་བར་བྱ། ཁོ་ཚོའི་མིག་འབྱེད་པ་དང༌། མུན་པ་ལས་འོད་སྣང་ཕྱོགས་སུ་སྤོ་ཞིང༌། བདུད་སཱ་ཏན་གྱི་དབང་ལས་དཀོན་མཆོག་གི་ཕྱོགས་སུ་སེམས་བསྒྱུར་བའི་ཆེད་དུ་ངས་ཁྱོད་ཁོ་ཚོའི་རྩར་མངགས་པར་བྱ། དེ་ནི་ཁོ་ཚོའི་སྡིག་པ་སེལ་བ་དང༌། ང་ལ་དད་པ་བྱེད་པའི་སྒོ་ནས་དམ་པ་རུ་འགྱུར་བ་རྣམས་ཀྱི་ཁྲོད་ལ་གནས་ཤིག་ཐོབ་པའི་ཕྱིར་ཡིན།
19 ཀྱེ་རྒྱལ་པོ་ཨག་རི་པཱ་ལགས། དེ་ནས་ངས་དཀོན་མཆོག་གི་ཞིང་ཁམས་ནས་བྱུང་བའི་ཞལ་གཟིགས་བཞིན་དུ་སྒྲུབས་ཏེ། 20 ཐོག་མར་དཱ་མེ་སེག་གྲོང་ཁྱེར་དང༌། གཉིས་པར་ཡེ་རུ་ཤ་ལེམ། ཡ་ཧུ་དཱ་ཡུལ་ཀུན། མཐའ་མར་ཡ་ཧུ་དཱ་པ་མིན་པ་རྣམས་ལའང་དེ་ཚོས་སྤྱོད་པ་ངན་པ་སྤངས་ཏེ་སེམས་དཀོན་མཆོག་གི་ཕྱོགས་སུ་བསྒྱུར་ནས། དེ་དང་མཐུན་པའི་བྱ་བ་བྱེད་དགོས་པར་བསྒྲགས། 21 དེའི་ཕྱིར་ཡ་ཧུ་དཱ་པ་ཁ་ཅིག་གིས་མཆོད་ཁང་གི་ཁྱམས་རར་ང་འཛིན་བཟུང་བྱས་ནས་གསོད་པའི་ཐབས་བཙལ། 22 དེ་རིང་གི་བར་དུ་དཀོན་མཆོག་གིས་བསྲུངས་པར་མཛད་པས་ངས་མི་མཐོ་དམན་གཉིས་ཀ་ལ་བདེན་དཔང་བྱེད་བཞིན་འདིར་ལངས་ནས་སྡོད། མོ་ཤེ་ཚུད་པའི་ལུང་སྟོན་པ་རྣམས་ཀྱིས་གསུངས་པ་ལྟར་གང་འབྱུང་བར་འགྱུར་བའི་དོན་ཁོ་ནར་སྨྲ་སྟེ། 23 མཱ་ཤི་ཀ་ཁོང་ནི་སྡུག་བསྔལ་མྱོང་དགོས་པ་དང༌། འཆི་བ་ནས་སླར་གསོན་པོར་འགྱུར་བའི་ཐོག་མ་དེ་ཡིན་པའི་སྒོ་ནས་ཡ་ཧུ་དཱ་པ་དང་ཡ་ཧུ་དཱ་པ་མིན་པ་རྣམས་ལའང་འོད་སྣང་ལྡན་པའི་འཕྲིན་བཟང་སྒྲོག་མཁན་དུ་འགྱུར་བ་དེ་ཡིན་ནོ་”ཞེས་གསུངས།
24 པའུ་ལུས་དེ་ལྟར་གསུངས་པའི་དུས་སྤྱི་ཁྱབ་ཕེ་སི་ཏུ་ཡིས་སྐད་ཆེན་པོས་“པའུ་ལུ། ཁྱོད་སྦྱངས་པ་བྱེད་རྒྱུ་མང་དྲགས་པས་སྨྱོས་སོ་”ཞེས་བཤད་ནས། 25 པའུ་ལུས་“མི་རྗེ་ཕེ་སི་ཏུ་ལགས། ང་སྨྱོ་བ་མིན་ཏེ་བདེན་པ་དང་ཁ་གསལ་བའི་གཏམ་སྨྲ། 26 གང་ལགས་ཤེ་ན། དོན་དེ་རྣམས་ལྐོག་ཏུ་མ་བསྒྲུབས་པས་རྒྱལ་པོས་དེ་ལ་ངེས་པར་དོ་སྣང་བྱས་ཏེ་མཁྱེན་པས་ངས་འཇིགས་པ་མེད་པའི་སྒོ་ནས་ཁོང་ལ་བཤད། 27 རྒྱལ་པོ་ཨག་རི་པཱ་ལགས། ཁྱེད་ཀྱིས་ལུང་སྟོན་པ་རྣམས་ལ་ཐུགས་ཆེས་སམ། ཁྱེད་ཀྱིས་ཐུགས་ཆེས་པ་ངས་ཤེས་”ཞེས་གསུངས་པས། 28 ལན་དུ་ཨག་རི་པཱ་ཡིས་པའུ་ལུ་ལ་“ཁྱོད་ཀྱིས་ང་ལ་དུས་ཅུང་ཟད་བསྐུལ་བ་ཙམ་གྱིས་ང་མཱ་ཤི་ཀ་པ་ཞིག་ཏུ་འགྱུར་བར་འདོད་དམ་”ཞེས་སྨྲས།*26:28 མཱ་ཤི་ཀ་པ་ནི་གྷི་རིག་སྐད་དུ་ཁི་རིའི་སི་ཐོ་པ་ཞེས་ཟེར་བ་སྟེ་བོད་སྐད་དུ་ཡེ་ཤུ་པའང་ཞེས་འབོད་སྲོལ་ཡོད། 29 པའུ་ལུས་“དུས་ཅུང་ཟད་དམ་རིང་པོ་ཅི་ཡིན་རུང༌། ཁྱེད་རང་མ་ཟད་ངའི་གཏམ་ལ་དེ་རིང་གསན་མཁན་ཐམས་ཅད་ལྕགས་ཐག་འདི་མ་གཏོགས་པར་ང་དང་འདྲ་བར་འགྱུར་བ་དེ་ངས་དཀོན་མཆོག་ལ་སྨོན་ལམ་འདེབས་”ཞེས་གསུངས། 30 རྒྱལ་པོ་དང༌། སྤྱི་ཁྱབ། པུར་ནི་ཀཱེ་ལ་སོགས་པའི་དེར་སྡོད་ཡོད་པ་རྣམས་ཡར་ལངས་ཏེ། 31 ཕྱིར་ཐོན་དུས་ཁོ་ཚོས་གཅིག་གིས་གཅིག་ལ་“མི་འདིས་སྲོག་ཁྲིམས་གཏོང་བའམ་བཙོན་དུ་བཅུག་དགོས་པའི་བྱ་བ་ཅིའང་བྱས་མེད་”ཅེས་བཤད། 32 རྒྱལ་པོ་ཨག་རི་པཱ་ཡིས་སྤྱི་ཁྱབ་ཕེ་སི་ཏུ་ལ་“མི་འདིས་གོང་མའི་རྒྱལ་པོ་སེ་སར་ལ་སྙན་ཞུ་ཕུལ་མེད་ན། གྲོལ་བར་འགྱུར་རོ་”ཞེས་སྨྲས་སོ། །
*ལེའུ་ཉེར་དྲུག་པ།:28 26:28 མཱ་ཤི་ཀ་པ་ནི་གྷི་རིག་སྐད་དུ་ཁི་རིའི་སི་ཐོ་པ་ཞེས་ཟེར་བ་སྟེ་བོད་སྐད་དུ་ཡེ་ཤུ་པའང་ཞེས་འབོད་སྲོལ་ཡོད།