ལེའུ་གསུམ་པ།
ངལ་གསོའི་ཉིན་མོར་ནད་སེལ་གནང་བ།
1 དེ་ནས་ཡང་ཡེ་ཤུ་ཡ་ཧུ་དཱ་པའི་འདུ་ཁང་དུ་ཕེབས། དེར་ལག་པ་འཁུམས་པའི་མི་ཞིག་ཡོད། 2 ཡེ་ཤུ་ལ་ནག་ཉེས་བཙུགས་པར་འདོད་པའི་མི་རྣམས་ཀྱིས་ངལ་གསོ་བའི་ཉིན་ལ་ཁོང་གིས་མི་དེའི་ནད་སེལ་དང་མི་སེལ་བའི་ཆེད་ནན་ཏན་གྱིས་བལྟས་ཏེ་བསྡད། 3 ཡེ་ཤུས་ལག་པ་གཅིག་འཁུམས་པའི་མི་དེ་ལ་“ཡར་ལངས་ནས་ཚུར་ཤོག་”ཅེས་གསུངས་ཤིང༌། 4 ཡང་མི་དེ་རྣམས་ལ་“དཀོན་མཆོག་གི་བཀའ་ཁྲིམས་ལྟར་ན་མི་རྣམས་ལ་ངལ་གསོ་བའི་ཉིན་མོར་ལས་བཟང་པོ་བྱེད་ཆོག་གམ་ཡང་ན་ལས་ངན་པ་བྱེད་ཆོག སྲོག་སྐྱོབ་ཆོག་གམ་ཡང་ན་སྲོག་གཅོད་ཆོག་”ཅེས་དྲིས། འོན་ཀྱང་དེ་ཚོས་ཁ་རོག་བསྡད། 5 ཡེ་ཤུ་ཐུགས་ཁྲོས་ནས་མི་དེ་རྣམས་ལ་རིམ་གྱིས་གཟིགས་ཤིང་དེ་ཚོའི་སེམས་མཁྲེགས་པོ་ཡིན་པར་ཐུགས་སྐྱོ་སྟེ། མི་དེར་“ལག་པ་རྐྱོངས་ཤིག་”ཅེས་གསུངས་པས་ཁོས་ལག་པ་བརྐྱངས་ཤིང་ནད་སེལ་བར་གྱུར། 6 དེ་ནས་ཕཱ་རུ་ཤི་པ་རྣམས་ཕྱི་ལ་སོང་མ་ཐག་ཏུ་རྒྱལ་པོ་ཧེ་རོ་དཱེ་ཞེས་བྱ་བའི་ཕྱོགས་ཁག་གི་མི་དང་མཉམ་དུ་ཡེ་ཤུ་དགྲོང་རྒྱུའི་ངན་ཇུས་བྱས།
མི་མང་པོའི་ནད་སེལ་གནང་བ།
7 དེ་ནས་ཡེ་ཤུ་དང་ཁོང་གི་ཉེ་གནས་རྣམས་ཕྱིར་མཚོ་འགྲམ་དུ་ཕེབས་པ་ལ། མི་ཚོགས་མང་པོ་ཞིག་ག་ལིལ་ཡུལ་ནས་ཁོང་གི་རྗེས་སུ་འབྲངས་པ་མ་ཟད། 8 ཁོང་གིས་མཛད་པའི་དོན་རྣམས་ཐོས་པས་གཞན་མི་མང་པོས་ཀྱང་ཡ་ཧུ་དཱ་ཡུལ་དང་ཡེ་རུ་ཤ་ལེམ་གྲོང་ཁྱེར། ཨི་དུམ་ཡཱ་ཡུལ། ཡོར་དན་གཙང་པོའི་ཕ་རོལ་གྱི་ས་ཆ་དང༌། གྲོང་ཁྱེར་ཐཱ་ཨེར་དང་ཚི་དོན་སོགས་ས་ཆ་སོ་སོ་ནས་ཁོང་གི་དྲུང་དུ་ཡོང༌། 9 དེར་ཡོད་པའི་མི་ཚོགས་མང་པོས་ཁོང་མ་བཙིར་བའི་ཕྱིར། ཁོང་གིས་ཉེ་གནས་ཚོར་གྲུ་ཆུང་ཞིག་གྲ་སྒྲིག་བྱེད་དུ་བཅུག 10 ཁོང་གིས་མི་མང་པོའི་ནད་སེལ་བར་མཛད་པས། ནད་ཡོད་པ་ཐམས་ཅད་ཀྱིས་ཁོང་ལ་རེག་པའི་ཆེད་དུ་འཚང་ཁ་བརྒྱབ། 11 གདོན་འདྲེ་མི་གཙང་བ་དེ་ཚོས་ག་དུས་ཡིན་ཡང་ཁོང་མཐོང་བ་ཙམ་གྱིས་ཁོང་གི་དྲུང་དུ་ཕྱག་འཚལ་ཏེ་སྐད་ཆེན་པོས་“ཁྱེད་ནི་དཀོན་མཆོག་གི་སྲས་ཡིན་ནོ་”ཞེས་བཤད། 12 ཡེ་ཤུས་དེ་ཚོ་ལ་ཁོང་མངོན་པར་མི་བྱེད་ཕྱིར་ནན་ཏན་གྱིས་བཀའ་གནང༌།
ཉེ་གནས་བཅུ་གཉིས་བདམས་པ།
13 དེ་ནས་ཡེ་ཤུ་རིའི་སྟེང་ལ་ཕེབས་ཏེ་རང་གི་དགོངས་པ་ལྟར་ཚུར་ཤོག་ཅེས་བཀའ་གནང་ནས་ཁོ་རྣམས་ཁོང་གི་དྲུང་དུ་ཡོང༌། 14-15 ཁོ་ཚོ་ཁོང་དང་ཉེ་བར་གནས་པ་དང༌། ཁོང་གིས་ཁོ་ཚོ་ལ་ཆོས་ཤོད་པར་གཏོང་བ་དང་གདོན་འདྲེ་སྐྲོད་པའི་ཕྱིར་དབང་བསྐུར་ནས་དེ་རྣམས་ཉེ་གནས་བཅུ་གཉིས་ལ་བསྐོས་ཏེ་མིང་གཞན་སྐུ་ཚབ་ཅེས་ཀྱང་བཏགས། 16 ཁོང་གིས་བསྐོས་པའི་ཉེ་གནས་བཅུ་གཉིས་པོ་ནི་སི་མོན། ཁོང་གིས་མི་དེར་མིང་པེ་ཏྲོ་ཞེས་བཏགས་པ་དང༌། 17 ཟེ་བད་ཡཱ་ཞེས་པའི་བུ་ཡ་ཀོབ་དང༌། ཡ་ཀོབ་ཀྱི་གཅུང་པོ་ཡོ་ཧ་ནན། དེ་གཉིས་ཀྱི་མིང་ལ་བོ་ཨ་ནེར་གེ་ཞེས་བཏགས་ཏེ་འབྲུག་གི་བུ་ཞེས་པའི་དོན་ཡིན། 18 གཞན་ཡང་ཨན་དྲི་ཡཱ་དང༌། ཕི་ལིབ། པར་ཐོ་ལོ་མཱ། མད་ཐཱ། ཐོ་མཱ་དང༌། ཨལ་ཕཱ་ཞེས་པ་དེའི་བུ་ཡ་ཀོབ། ཐཱ་ཨད་དེ་ཨ་སི། རྒྱལ་གཅེས་པའི་ཕྱོགས་ཁག་གི་ཁོངས་མི་སི་མོན་དང༌། 19 རྗེས་སུ་ཡེ་ཤུ་ལ་རྒྱབ་གཏོད་བྱེད་མཁན་ཡུ་དཱ་དབྱི་སི་ཀར་རེ་བཅས་ཡིན་ནོ། །
སྟོན་པ་ཡེ་ཤུ་དང་བདུད་པེ་ཨིལ་བཟི་པད།
20 དེ་ནས་ཡེ་ཤུ་དང་ཉེ་གནས་རྣམས་ཁང་པ་ཞིག་གི་ནང་དུ་ཕེབས་པ་ན། མི་ཚོགས་ཡང་བསྐྱར་འཛོམས་པས། ཁོང་རྣམས་ལ་ཐ་ན་ཞལ་ཟས་བཞེས་ལོང་ཡང་མ་བྱུང༌། 21 ཁོང་གི་གཉེན་ཉེ་རྣམས་ཀྱིས་གཏམ་དེ་ཐོས་ནས་ཁོང་སྨྱོས་སོ་ཞེས་བཤད་དེ་ཁོང་བཀག་པར་ཕྱིན། 22 ཡེ་རུ་ཤ་ལེམ་ནས་མར་ཡོང་བའི་ཆོས་ཁྲིམས་ལ་མཁས་པའི་མི་ཚོས་“ཁོང་ལ་པེ་ཨིལ་བཟི་པད་བདུད་ཞུགས་ཤིང་ཁོང་གིས་བདུད་ཀྱི་རྒྱལ་པོ་དེར་བརྟེན་ནས་གདོན་འདྲེ་སྐྲོད་”ཅེས་བཤད། 23 ཡེ་ཤུས་ཆོས་ཁྲིམས་ལ་མཁས་པའི་མི་དེ་ཚོ་རང་གི་དྲུང་དུ་བོས་ཏེ་དཔེའི་སྒོ་ནས་དེ་རྣམས་ལ་“བདུད་སཱ་ཏན་གྱིས་བདུད་རང་ཉིད་ཇི་ལྟར་སྐྲོད་སྲིད་དམ། 24 གལ་ཏེ་རྒྱལ་ཁབ་གཅིག་ལ་ནང་འཁྲུག་བྱུང་ན་རྒྱལ་ཁབ་དེ་བརྟན་པོར་གནས་མི་ཐུབ་པ་དང༌། 25 ཁྱིམ་ཚང་གཅིག་ལ་ནང་འཁྲུག་བྱུང་ན་ཁྱིམ་ཚང་དེའང་བརྟན་པོར་གནས་མི་ཐུབ་པ་ལྟར། 26 དེ་བཞིན་བདུད་སཱ་ཏན་གྱིས་རང་གིས་རང་ལ་རྒོལ་ན་བདུད་དེ་བརྟན་པོར་གནས་མི་ཐུབ་ཅིང་ཁོའི་དབང་མེད་པར་འགྱུར། 27 ཡང་སུས་ཀྱང་མི་སྟོབས་ཤུགས་ཆེན་པོ་ཞིག་གི་ཁང་པ་ལ་འཛུལ་ནས་དེའི་ཅ་ལག་འཕྲོག་མི་ཐུབ་སྟེ། སྔོན་ལ་མི་དེ་བཅིངས་ནས་ཁོ་ལ་ཅི་ཡོད་པ་དེ་འཕྲོག་ཐུབ། 28 ངས་ཁྱོད་ཚོ་ལ་བདེན་པར་ཟེར་རྒྱུར། དཀོན་མཆོག་གིས་མིའི་སྡིག་ཉེས་ཐམས་ཅད་དང་སྐུར་བ་འདེབས་པའི་སྡིག་པ་སེལ་ཐུབ་ནའང༌། 29 དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་སྐུར་བ་འདེབས་མཁན་དེར་དུས་ནམ་ཡང་སྡིག་སེལ་མི་ཐོབ་པར་གཏན་དུ་སྡིག་པའི་ཆད་པ་འཁུར་དགོས་སོ་”ཞེས་གསུངས། 30 ཁོང་གིས་འདི་ལྟར་གསུངས་དོན་ནི་མི་དེ་རྣམས་ཀྱིས་ཁོང་ཉིད་གདོན་འདྲེ་མི་གཙང་བ་ཡིས་བཟུང་འདུག་ཅེས་བཤད་པའི་རྐྱེན་གྱིས་སོ། །
བདེན་པའི་སྤུན་མཆེད།
31 དེ་ནས་ཡེ་ཤུའི་མ་ཡུམ་དང་གཅུང་པོ་ཚོ་ཕེབས་ཏེ། ཕྱི་ལོགས་ལ་བཞེངས་ནས་མི་ཞིག་ཁོང་ཉིད་འབོད་དུ་བཏང༌། 32 མི་ཚོགས་མང་པོ་ཁོང་གི་མཐའ་བསྐོར་ལ་བསྡད་ཡོད་ཅིང༌། དེ་ཚོས་“གཟིགས་དང༌། ཁྱེད་ཀྱི་མ་ཡུམ་དང་སྐུ་མཆེད་ཚོས་ཕྱི་རོལ་ནས་ཁྱེད་རང་འཚོལ་བཞིན་འདུག་”ཅེས་ཞུས་པ་ལ། 33 ཁོང་གིས་མི་དེ་ཚོར་“ངའི་མ་དང་ངའི་སྤུན་ནི་སུ་ཡིན་ནམ་”ཞེས་གསུངས་ནས། 34 རང་གི་མཐའ་སྐོར་ལ་བསྡད་ཡོད་པའི་མིར་རིམ་གྱིས་གཟིགས་ནས་“ལྟོས་དང༌། ངའི་མ་དང་ངའི་སྤུན་ནི་མི་འདི་ཚོ་ཡིན། 35 གང་ལགས་ཟེར་ན། དཀོན་མཆོག་གི་དགོངས་པ་བཞིན་དུ་བྱེད་མཁན་ཐམས་ཅད་ནི་ངའི་སྤུན་དང་སྲིང་མོ། མ་ཡུམ་ཡིན་ནོ་”ཞེས་གསུངས་སོ། །