ལེའུ་བཅུ་བཞི་པ།
ལུ་གུ་དང་མི་ཆིག་འབུམ་བཞི་ཁྲི་བཞི་སྟོང་གི་སྐོར།
དེ་ནས་ངས་ལུ་གུ་དེ་རི་བོ་ཙི་ཡོན་ལ་བཞེངས་ཏེ། ཁོང་གི་མཚན་དང་ཁོང་གི་ཡབ་ཀྱི་མཚན་ཁོ་ཚོའི་དཔྲལ་བ་ལ་བྲིས་པའི་མི་ཆིག་འབུམ་བཞི་ཁྲི་བཞི་སྟོང་ཁོང་དང་མཉམ་དུ་ཡོད་པ་མཐོང༌། ཡང་དཀོན་མཆོག་གི་ཞིང་ཁམས་ནས་ངས་རྦབ་ཆུ་ཆེན་པོ་ཞིག་གི་འུར་སྒྲ་དང༌། འབྲུག་སྒྲ་ཆེན་པོ་དང་འདྲ་བའི་གསུང་སྐད་ཅིག་ཐོས། དེ་ནི་པི་ཝང་གཏོང་བའི་སྒྲ་ལྟར་ཡིན། ཁོང་ཚོས་བཞུགས་ཁྲི་དང༌། སེམས་ཅན་བཞི་པོ་དང༌། རྒན་པོ་རྣམས་ཀྱི་མདུན་དུ་མགུར་མ་གསར་པ་ཞིག་བཞེས། ས་གཞི་ལས་བླུ་རིན་གྱིས་ཉོས་པའི་མི་ཆིག་འབུམ་བཞི་ཁྲི་བཞི་སྟོང་མ་གཏོགས་པར་སུས་ཀྱང་མགུར་མ་དེ་སློབ་མི་ཐུབ། དེ་རྣམས་ནི་བུད་མེད་རྣམས་ཀྱིས་མི་གཙང་བར་མི་བྱེད་མཁན་ཡིན་ཏེ་བུད་མེད་དང་འདུས་མ་མྱོང་བ་རྣམས་ཡིན། ལུ་གུ་གང་ཕེབས་ནའང་ཁོང་གི་རྗེས་སུ་འབྲང༌། དེ་རྣམས་ནི་དཀོན་མཆོག་དང་ལུ་གུ་ལ་ལོ་ཏོག་གི་ཕུད་ལྟར་མཆོད་པ་ཕུལ་བའི་ཕྱིར་མི་རྣམས་ཀྱི་ནང་ནས་བླུ་རིན་གྱིས་ཉོས་པ་ཡིན། ཁོང་ཚོས་རྫུན་གཏམ་མ་བཤད་དེ་སྐྱོན་མེད་པ་ཡིན།
ཕོ་ཉ་གསུམ་གྱི་འཕྲིན།
དེ་ནས་ངས་ཕོ་ཉ་གཞན་ཞིག་ནམ་མཁའི་དབྱིངས་སུ་འཕུར་བ་མཐོང༌། དེ་ལ་རྒྱལ་ཁབ་དང༌། ཚོ་པ། སྐད་རིགས། མི་རིགས་ཏེ་ས་གཞི་ལ་སྡོད་པ་ཐམས་ཅད་ལ་སྒྲོག་པའི་ཆེད་དུ་རྒྱུན་དུ་གནས་པའི་འཕྲིན་བཟང་ཡོད། ཁོང་གིས་སྐད་ཆེན་པོས་“དཀོན་མཆོག་གིས་ཁྲིམས་གཅོད་མཛད་པའི་དུས་ལ་བབས་པས་ཁོང་ལ་བཀུར་སྟི་བྱེད་ཅིང་བསྟོད་པ་ཕུལ་ཞིག ཞིང་ཁམས་དང༌། ས་གཞི། རྒྱ་མཚོ། ཆུ་མིག་འགོད་པ་གནང་མཁན་ལ་བསྙེན་བཀུར་ཞུས་ཤིག་”ཅེས་གསུངས། དེ་ནས་ཕོ་ཉ་གཉིས་པ་ཞིག་བྱུང་བ་དང༌། ཁོང་གིས་“མི་རིགས་ཀུན་ལ་རང་གི་ལོག་གཡེམ་གྱི་རྒུན་ཆང་འཐུང་དུ་འཇུག་པས། སྦ་བི་ལོན་གྲོང་ཁྱེར་ཆེན་མོ་འཇིག་པར་གྱུར་རོ། ཡོངས་སུ་འཇིག་པར་གྱུར་རོ་”ཞེས་གསུངས། དེ་ནས་ཕོ་ཉ་གསུམ་པ་ཞིག་བྱུང་བ་དང༌། ཁོང་གིས་སྐད་ཆེན་པོས་“གལ་ཏེ་སུ་ཞིག་གིས་གཅན་གཟན་དང་དེའི་འདྲ་སྐུ་ལ་བསྙེན་བཀུར་བྱས་པ་དང༌། ཁོའི་དཔྲལ་བའམ་ལག་ལ་རྟགས་ཤིག་ཐོབ་ན། 10 ཁོས་ཀྱང་དཀོན་མཆོག་གི་ཐུགས་ཁྲོའི་མཆོད་ཞལ་ལ་བླུགས་ཏེ་དཀོན་མཆོག་གི་ཐུགས་ཁྲོ་ཡིན་པའི་རྒུན་ཆང་ལྷད་མེད་པ་འཐུང་བར་འགྱུར། དཀོན་མཆོག་གི་ཕོ་ཉ་དམ་པ་རྣམས་དང༌། ལུ་གུའི་མདུན་དུ་ཁོ་ནི་མེ་དང༌། མེ་འབར་བའི་མུ་ཟི་ཡིས་མནར་གཅོད་གཏོང་བར་འགྱུར། 11 གཅན་གཟན་དང་དེའི་འདྲ་སྐུ་ལ་བསྙེན་བཀུར་བྱེད་མཁན་དང༌། སུས་དེའི་མིང་གི་རྟགས་ལེན་མཁན་རྣམས་ནི་ཉིན་མཚན་མེད་པར་ངལ་གསོ་མེད་པ་ཡིན་ཏེ། དེ་ཚོར་མནར་གཅོད་བྱེད་པའི་མེའི་དུ་བ་རྒྱུན་དུ་འཕྱུར་”ཞེས་གསུངས། 12 འདི་ནི་དཀོན་མཆོག་གི་བཀའ་ལ་ཉན་ཞིང༌། ཡེ་ཤུ་ལ་དད་པ་བྱེད་མཁན་ཏེ་དཀོན་མཆོག་གི་མི་རྣམས་ཀྱིས་བཟོད་པ་སྒོམ་པའི་སྐུལ་མ་ཞིག་ཡིན། 13 ཡང་ངས་དཀོན་མཆོག་གི་ཞིང་ཁམས་ནས་གསུངས་པའི་སྐད་གཅིག་གིས་“ད་ཕྱིན་ཆད་གཙོ་བོའི་ནང་ན་ཤི་བའི་གཤིན་པོ་རྣམས་བདེའོ་ཞེས་བྲིས་ཤིག་”ཅེས་གསུངས་པ་ཐོས། ཡང་དམ་པའི་ཐུགས་ཉིད་ཀྱིས་“ལགས་ཡིན། ཁོ་ཚོའི་འབྲས་བུ་ཁོ་ཚོའི་རྗེས་སུ་འབྲང་བས་དེ་ཚོའི་དཀའ་ལས་ནས་ངལ་གསོ་འཐོབ་པར་འགྱུར་”ཞེས་གསུངས།
ས་གཞིའི་ལོ་ཏོག་སྡུད་པའི་སྐོར།
14 དེ་ནས་ངས་སྤྲིན་པ་དཀར་པོ་ཞིག་དང༌། དེའི་སྟེང་དུ་མིའི་བུ་དང་འདྲ་བ་ཞིག་བཞུགས་ཡོད་པ་མཐོང༌། ཁོང་གི་དབུ་ལ་གསེར་གྱི་ཅོད་པན་དང་ཕྱག་ལ་ཟོར་བ་རྣོན་པོ་ཞིག་ཡོད། *14:14 ལུང་སྟོན་པ་དཱ་ནི་ཨེལ་གྱིས་བྲིས་པའི་མདོ་ལེའུ་7 ཨང་13 ལ་གཟིགས། 15 ཕོ་ཉ་གཞན་ཞིག་མཆོད་ཁང་ནས་ཐོན་ཏེ་སྤྲིན་ལ་བཞུགས་པ་ལ་སྐད་ཆེན་པོས་“ས་གཞིའི་ལོ་ཏོག་ཡོངས་སུ་སྨིན་ཞིང༌། རྔ་བའི་དུས་ལ་བབས་པས་ཟོར་བ་རྒྱག་སྟེ་རྔ་བར་མཛོད་”ཅེས་གསུངས། 16 སྤྲིན་ལ་བཞུགས་པ་ཁོང་གིས་རང་གི་ཟོར་བ་ས་གཞིའི་སྟེང་ལ་བརྒྱབ་ནས་དེ་བརྔས། 17 དེ་ནས་ཕོ་ཉ་གཞན་ཞིག་དཀོན་མཆོག་གི་ཞིང་ཁམས་སུ་ཡོད་པའི་མཆོད་ཁང་གི་ནང་ནས་ཐོན་ཞིང༌། དེ་ལའང་ཟོར་བ་རྣོན་པོ་ཞིག་ཡོད། 18 ཡང་ཕོ་ཉ་གཞན་ཞིག་མེ་ལ་དབང་སྒྱུར་མཁན་དེ་མཆོད་ཁྲི་ནས་ཐོན་ཞིང༌། ཁོང་གིས་ཟོར་བ་རྣོན་པོ་ཡོད་པ་ལ་སྐད་ཆེན་པོས་“རྒུན་འབྲུམ་སྨིན་པས་ས་གཞིའི་རྒུན་འབྲུམ་ཤིང་ལ་ཁྱེད་ཀྱི་ཟོར་བ་རྒྱག་ཅིང་དེའི་རྒུན་འབྲུམ་ཆག་པ་སྡུད་ཅིག་”ཅེས་གསུངས། 19 ཕོ་ཉ་དེས་ས་གཞི་ལ་ཟོར་བ་བརྒྱབ་ནས་རྒུན་འབྲུམ་གྱི་ཆག་པ་བསྡུས་ཏེ། དཀོན་མཆོག་གི་ཐུགས་ཁྲོ་ཡིན་པའི་རྒུན་ཆང་འཚིར་བྱེད་ཀྱི་ཆང་གཞོང་ཆེན་པོར་འཕངས། 20 གྲོང་ཁྱེར་གྱི་ཕྱི་ལོགས་སུ་རྒུན་འབྲུམ་བཙིར་ཏེ་ཆང་གཞོང་དེ་ནས་རིང་ཚད་སྤྱི་ལེ་གསུམ་བརྒྱ་ཙམ་དང་མཐོ་ཚད་སྨི་གཅིག་དང་ཕྱེད་ཀ་ཙམ་གྱི་ཁྲག་ཐོན་ནོ། །

*ལེའུ་བཅུ་བཞི་པ།:14 14:14 ལུང་སྟོན་པ་དཱ་ནི་ཨེལ་གྱིས་བྲིས་པའི་མདོ་ལེའུ་7 ཨང་13 ལ་གཟིགས།