ལེའུ་བཅུ་དགུ་པ།
དཀོན་མཆོག་གི་ཞིང་ཁམས་ནང་བསྟོད་པ་ཕུལ་བ།
དེའི་རྗེས་སུ་ངས་དཀོན་མཆོག་གི་ཞིང་ཁམས་ནས་མི་ཚོགས་ཆེན་པོའི་སྐད་དང་འདྲ་བ་ཞིག་གིས།
ཧ་ལེ་ལུ་ཡཱ།
ངེད་ཀྱི་དཀོན་མཆོག་ལས་ཐར་པ་འབྱུང་ངོ༌། །
གཟི་བརྗིད་མངའ་དབང་ཁོང་ནི་མ་གཏོགས་མེད། །
ཁོང་གི་ཁྲིམས་གཅོད་དྲང་བདེན་ཡིན། །
ལོག་གཡེམ་གྱིས་ནི་ས་གཞི་དེ། །
བསླུ་བྲིད་བྱེད་མཁན་སྨད་འཚོང་མ། །
ཆེན་མོར་ཁོང་གིས་ཁྲིམས་གཅོད་མཛད། །
མོ་ཡིས་ཁོང་གི་ཞབས་ཕྱི་བསད། །
དེ་ཡི་སྲོག་ལེན་བཞེས་པས་སོ། །
ཞེས་སྨྲ་བ་ཐོས་བྱུང༌། སླར་ཡང་ཁོང་ཚོས་སྐད་ཆེན་པོས།
ཧ་ལེ་ལུ་ཡཱ།
ཁོ་མོ་འཚིག་པའི་དུ་བ་ནི། །
རྒྱུན་ཆད་མེད་པར་འཕྱུར་བར་འགྱུར། །
ཞེས་གསུངས། རྒན་པོ་ཉི་ཤུ་རྩ་བཞི་པོ་དང་སེམས་ཅན་བཞི་པོས་བཞུགས་ཁྲི་ལ་བཞུགས་པའི་དཀོན་མཆོག་ལ་ཕྱག་བཙལ་ཏེ་“ཨ་མེན། ཧ་ལེ་ལུ་ཡཱ་”ཞེས་གསུངས།
དེ་ནས་བཞུགས་ཁྲི་ནས་གསུང་སྐད་ཅིག་བྱུང་སྟེ།
དཀོན་མཆོག་ཞབས་ཕྱི་གཏོགས་པ་ཀུན། །
མཐོ་དམན་མེད་པ་བཀུར་སྟི་ཡིས། །
ངེད་ཀྱི་དཀོན་མཆོག་ལ་བསྟོད་དོ། །
དེ་ནས་ངས་མི་ཚོགས་ཆེན་པོའི་སྐད་དང༌། རྦབ་ཆུ་ཆེན་པོ་ཞིག་གི་འུར་སྒྲ་དང༌། འབྲུག་སྒྲ་དང་འདྲ་བའི་སྐད་ཅིག་གིས།
ཧ་ལེ་ལུ་ཡཱ་གཙོ་བོ་ལགས། །
ངེད་ཀྱི་དཀོན་མཆོག་དབང་ཀུན་ལྡན། །
ཁོང་གི་རྒྱལ་སྲིད་སྐྱོང་བས་སོ། །
ལུ་གུའི་བག་སྟོན་དུས་ལ་བབས་པ་དང༌། །
ཁོང་གི་བག་མས་གྲ་སྒྲིག་བྱས་པ་ཡིས། །
ཁོང་ལ་བསྟོད་པ་འབུལ་ཞིང་དགའ་བར་གྱིས། །
དཀར་གཙང་སྤུས་ལེགས་རས་དེ་བག་མར་གནང༌། །
ཞེས་ཐོས། (རས་སྤུས་ལེགས་དེས་དད་ལྡན་རྣམས་ཀྱི་བྱ་བ་བཟང་པོ་མཚོན་ནོ་) དེ་ནས་ཕོ་ཉ་དེས་ང་ལ་“ལུ་གུའི་བག་སྟོན་ལ་བོས་པ་རྣམས་བདེའོ་ཞེས་བྲིས་ཤིག་”ཅེས་གསུངས་པ་དང༌། ཁོང་གིས་ང་ལ་“བཀའ་འདི་ནི་དཀོན་མཆོག་གི་གསུང་བདེན་པའོ་”ཞེས་གསུངས། 10 ངས་ཁོང་ལ་ཕྱག་འཚལ་བར་བརྩམས་ནས་ཁོང་གིས་ང་ལ་“དེ་ལྟར་མ་བྱེད་ཅིག ང་ནི་ཁྱོད་དང་ཁྱོད་ཀྱི་སྤུན་ཟླ་རྣམས་ཏེ་ཡེ་ཤུའི་དཔང་པོ་ལ་འཛིན་མཁན་གྱི་གཡོག་པོ་གཅིག་པ་ཡིན་པས་དཀོན་མཆོག་ལ་བསྙེན་བཀུར་བྱེད་ཅིག གང་ལགས་ཤེ་ན། ཡེ་ཤུའི་དཔང་པོ་ནི་ལུང་སྟོན་གྱི་སྙིང་པོ་ཡིན་ནོ་”ཞེས་གསུངས་སོ། །
མཱ་ཤི་ཀར་རྒྱལ་བ་ཐོབ་པ།
11 དེ་ནས་ངས་དཀོན་མཆོག་གི་ཞིང་ཁམས་ཕྱེ་བར་མཐོང་སྟེ། རྟ་དཀར་པོ་ཞིག་འདུག དེ་ལ་འཆིབ་མཁན་ལ་བློ་གཏད་ཆོག་པ་དང་བདེན་དཔང་མཛད་མཁན་ཞེས་བྱ་སྟེ། ཁོང་གིས་དྲང་བདེན་ཉིད་ཀྱིས་ཁྲིམས་གཅོད་དང་དམག་འཐབ་མཛད། 12 ཁོང་གི་སྤྱན་ནི་མེ་ལྕེ་དང་འདྲ་བ་ཡིན་ཞིང༌། ཁོང་གི་དབུ་ལ་ཅོད་པན་མང་པོ་ཡོད། ཁོང་མ་གཏོགས་མི་གཞན་སུས་ཀྱང་མི་ཤེས་པའི་མཚན་ཁོང་ཉིད་ལ་བྲིས། 13 ཁོང་གིས་གསོལ་བའི་ན་བཟའ་ནི་ཁྲག་ལ་སྦངས་པ་དང༌། ཁོང་གི་མཚན་ལ་དཀོན་མཆོག་གི་བཀའ་ཞེས་བྱ། 14 དཀོན་མཆོག་གི་ཞིང་ཁམས་སུ་ཡོད་པའི་དམག་དཔུང་ནི་དཀར་པོ་དང་དྲི་མ་མེད་པའི་རས་སྤུས་ལེགས་གྱོན་ཞིང༌། རྟ་དཀར་པོ་རྣམས་ལ་བཞོན་ཏེ་ཁོང་གི་རྗེས་སུ་འབྲངས། 15 ཁོང་གི་ཞལ་ནས་རལ་གྲི་རྣོ་པོ་ཞིག་ཐོན་པ་དེས་ཁོང་གིས་མི་རིགས་རྣམས་ལ་འཇོམས་པར་མཛད། ཁོང་གིས་ལྕགས་རྒྱུག་གིས་མི་རིགས་རྣམས་ལ་དབང་སྒྱུར། དབང་ཀུན་དང་ལྡན་པའི་དཀོན་མཆོག་གི་ཐུགས་ཁྲོ་དྲག་པོའི་ཆང་གཞོང་ནང་དུ་རྒུན་འབྲུམ་རྫི་བར་མཛད། *19:15 གསུང་མགུར་ལེའུ་2 ཨང་9 ལ་གཟིགས། 16 ཁོང་གི་ན་བཟའ་དང་ཁོང་གི་བརླ་ཤ་ལ། རྒྱལ་པོ་རྣམས་ཀྱི་རྒྱལ་པོ་དང་གཙོ་བོ་རྣམས་ཀྱི་གཙོ་བོ་ཞེས་པའི་མཚན་བྲིས་ཡོད། 17 དེ་ནས་ངས་ཉི་མའི་སྟེང་དུ་བཞེངས་པའི་ཕོ་ཉ་ཞིག་མཐོང༌། དེས་ནམ་མཁའི་དཀྱིལ་ལ་འཕུར་བའི་བྱ་ཐམས་ཅད་ལ་སྐད་ཆེན་པོས་“ཤོག་ལ། དཀོན་མཆོག་གི་དགོངས་ཟས་ཆེན་མོ་ལ་འཛོམས་ཤིག 18 དེ་ནི་ཁྱོད་ཚོས་རྒྱལ་པོ་རྣམས་དང༌། དམག་དཔོན་དང༌། སྟོབས་ཅན་དང༌། རྟ་དང་དེའི་སྟེང་ཞོན་པ་རྣམས་དང༌། རང་དབང་ཅན་དང་བྲན་གཡོག མི་མཐོ་དམན་ཀུན་གྱི་ཤ་ཟ་བའི་ཕྱིར་རོ་”ཞེས་གསུངས། 19 ངས་གཅན་གཟན་དང༌། ས་གཞིའི་རྒྱལ་པོ་རྣམས་དང༌། དེ་ཚོའི་དམག་དཔུང་རྣམས་ཀྱིས་རྟ་ལ་འཆིབ་མཁན་དང་ཁོང་གི་དམག་དཔུང་ལ་དམག་འདྲེན་པའི་ཕྱིར་འདུས་པ་མཐོང༌། 20 གཅན་གཟན་དེ་དང༌། དེའི་དྲུང་དུ་ངོ་མཚར་བའི་རྟགས་སྟོན་པའི་ལུང་སྟོན་པ་རྫུན་མ་དེ་གཉིས་ཀ་བཟུང༌། ལུང་སྟོན་པ་རྫུན་མ་དེས་ངོ་མཚར་བའི་རྟགས་དེ་རྣམས་ཀྱི་སྒོ་ནས་གཅན་གཟན་གྱི་རྟགས་བླངས་ནས་དེའི་འདྲ་སྐུ་ལ་བསྙེན་བཀུར་བྱེད་མཁན་རྣམས་ལ་བསླུ་བྲིད་བྱས། གཅན་གཟན་དང་ཁོའི་ལུང་སྟོན་པ་རྫུན་མ་དེ་གཉིས་ཀ་ནི་མེས་འབར་བའི་མུ་ཟིའི་མཚོ་ལ་གསོན་པོར་འཕངས། 21 རྟ་ལ་འཆིབ་མཁན་གྱི་ཞལ་ནས་ཐོན་པའི་རལ་གྲི་ཡིས་ལྷག་མ་རྣམས་བསད་ནས། ཁོ་ཚོའི་ཤ་ཡིས་བྱ་ཐམས་ཅད་ཚིམ་པར་གྱུར་རོ། །

*ལེའུ་བཅུ་དགུ་པ།:15 19:15 གསུང་མགུར་ལེའུ་2 ཨང་9 ལ་གཟིགས།