ལེའུ་ཉེར་གཉིས་པ།
དཀོན་མཆོག་ལ་མཆོད་ཁང་བཞེང་འགོ་བརྩམས་པ།
1 དཱ་བིད་ན་རེ། འདི་ནི་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དང་། ཡེས་ར་ཨེལ་གྱི་སྦྱིན་སྲེག་གི་མཆོད་ཁྲི་རུ་འགྱུར་རོ་ཞེས་སྨྲས། 2 དཱ་བིད་ཀྱིས་ཡེས་ར་ཨེལ་ཡུལ་དུ་ཡོད་པའི་རིགས་རྒྱུད་གཞན་པའི་མི་རྣམས་བསྡུ་བར་བསྒོས་ཤིང་། ཡང་དཀོན་མཆོག་གི་མཆོད་ཁང་བཞེང་བའི་ཕྱིར་རྡོ་བཟོ་མངགས་ནས་རྡོ་རྐོ་རུ་བཅུག 3 ཡང་དཱ་བིད་ཀྱིས་སྒོ་རྣམས་ཀྱི་འཛེར་མ་དང་འཁོར་མིག་གི་ཕྱིར་དུ་ལྕགས་ཤིན་ཏུ་མང་པོ་དང་། ལི་གྲངས་མེད་བཤམས་ནས་བཞག 4 ཐཱར་པ་དང་ཚི་ཏུན་པ་རྣམས་ཀྱིས་དཱ་བིད་ལ་ཐང་ཤིང་མང་དུ་དྲངས་པས། ཐང་ཤིང་བགྲང་གིས་མི་ལང་བ་བཤམས་ནས་བཞག་གོ ། 5 དེར་དཱ་བིད་ཀྱིས་སེམས་སུ་འདི་ལྟར། ངའི་བུ་སོ་ལོ་མོན་ད་དུང་ལོ་ན་ཕྲ་ཞིང་ཤེས་རྒྱ་ཡང་ཆུང་བས། དཀོན་མཆོག་ཡ་ཝཱེའི་དོན་དུ་བཞེང་བྱའི་མཆོད་ཁང་དེ་ནི་བརྗིད་ཉམས་ཆེ་ཞིང་འོད་སྟོང་འབར་བ་ཞིག་ཡིན་པ་དང་། དེའི་གཟི་དཔལ་ཡུལ་གྲུ་ཀུན་ཏུ་གྲགས་དགོས། དེའི་ཕྱིར་ངས་མཆོད་ཁང་འདིའི་ཆེད་དུ་རྒྱུ་ཆ་སྟ་གོན་བྱའོ་སྙམ་ནས། དཱ་བིད་མ་གྲོངས་གོང་དུ་སྟ་གོན་རྒྱ་ཆེན་པོ་མཛད་དོ། ། 6 དེ་ནས་དཱ་བིད་ཀྱིས་རང་གི་སྲས་སོ་ལོ་མོན་བོས་ནས། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ལ་མཆོད་ཁང་ཞིག་བཞེང་དགོས་པའི་བཀའ་བསྩལ་ཏེ། 7 དཱ་བིད་ཀྱིས་སོ་ལོ་མོན་ལ་འདི་ལྟར། ངའི་བུ། བདག་གི་སེམས་སུ་ངའི་དཀོན་མཆོག་ཡ་ཝཱེའི་མཚན་གྱི་ཕྱིར་མཆོད་ཁང་ཞིག་བཞེང་བའི་འདུན་པ་ཡོད་ནའང་། 8 དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། ཁྱོད་ཀྱིས་མི་མང་པོའི་ཁྲག་ཕོས་ནས་དམག་འཐབ་མང་པོ་བརྒྱབ། ཁྱོད་ཀྱིས་ངའི་མདུན་དུ་ས་གཞིའི་སྟེང་མི་མང་པོའི་ཁྲག་ཕོས་པ་ཡིན་པས། ཁྱོད་ཀྱིས་ངའི་མིང་གི་ཕྱིར་མཆོད་ཁང་བརྩིག་མི་རུང་། 9 ལྟོས་དང་། ཁྱོད་ལས་བུ་ཞིག་སྐྱེས་པར་འགྱུར་ལ། ཁོ་ནི་མི་ཞི་འཇམ་ཞིག་ཡིན་པ་དང་། ཁོའི་ཕྱོགས་བཞིའི་དགྲ་བོ་ཐམས་ཅད་ངས་ཁོ་དང་འཆམ་པོ་འོང་བར་བྱ་ཞིང་། ཁོའི་མིང་ལ་སོ་ལོ་མོན་ *སོ་ལོ་མོན་ཞེས་པ་ནི་ཞི་བདེའི་དོན་ཡིན།ཞེས་འབོད་ལ། ཁོ་རྒྱལ་པོར་བཞུགས་པའི་དུས་སུ་ངས་ཡེས་ར་ཨེལ་ལ་དུས་བདེ་ཞོད་འཇགས་གནང་བར་བྱ། 10 ཁོས་ངའི་མིང་གི་ཕྱིར་མཆོད་ཁང་ཞིག་བརྩིག་པར་འགྱུར་ལ། ཁོ་བདག་གི་སྲས་དང་ང་ཁོའི་ཡབ་ཏུ་འགྱུར་ཏེ། ངས་དེའི་རྒྱལ་ཁྲི་བརྟན་པར་བྱས་ནས་ཁོའི་བུ་རྒྱུད་རྣམས་ཀྱིས་ཇི་སྲིད་བར་དུ་ཡེས་ར་ཨེལ་གྱི་རྒྱལ་སྲིད་བསྐྱང་བར་བྱའོ་ཞེས་གསུངས་པས། 11 ངའི་བུ། ད་ནི་དཀོན་མཆོག་ཡ་ཝཱེ་ཁྱོད་དང་མཉམ་དུ་བཞུགས་ཤིང་ཁྱོད་ཀྱི་དོན་རྣམས་འགྲུབ་པར་ཤོག ཡང་ཁོང་གིས་ཁྱོད་ལ་ཞལ་བཞེས་གནང་བ་ལྟར་ཁྱོད་ཀྱི་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་བཞེང་བར་གྱིས་ཤིག 12 ཁྱོད་ཀྱིས་ཡེས་ར་ཨེལ་གྱི་རྒྱལ་སྲིད་སྐྱོང་བའི་དུས་སུ། རང་གི་དཀོན་མཆོག་ཡ་ཝཱེའི་བཀའ་ཁྲིམས་བསྲུང་བའི་དོན་དུ། དཀོན་མཆོག་ཡ་ཝཱེས་ཁྱོད་ལ་བློ་དང་ཤེས་རབ་གནང་བར་ཤོག 13 གལ་ཏེ་ཁྱོད་ཀྱིས་དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་གྱི་དོན་དུ་མོ་ཤེ་ལ་བསྒོས་པའི་སྒྲིག་ཁྲིམས་དང་སྲོལ་ཡིག་ནན་གྱིས་བསྲུངས་ན། ཁྱོད་ཀྱི་བསམ་དོན་འགྲུབ་པར་འགྱུར། ཁྱོད་ནི་བློ་བརྟན་རྟུལ་ཕོད་ཡིན་དགོས་ལ། མ་འཇིགས་མ་འཚབ་ཅིག 14 ལྟོས་དང་། ངས་དཀའ་ལས་ཆེན་པོ་བརྒྱབ་ནས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ཕྱིར་གསེར་རྡོ་ཚད་འབུམ་ཕྲག་གཅིག་དང་། དངུལ་རྡོ་ཚད་འབུམ་ཕྲག་བཅུ་དང་། ལི་དང་ལྕགས་དཔག་ཏུ་མེད་པ་དང་། ཡང་ཤིང་དང་རྡོ་སོགས་ཚགས་སུ་ཆུད་ཡོད་པའི་ཁར་ཁྱོད་ཀྱིས་ཁ་སྣོན་བརྒྱབ་ཆོག 15 དེར་མ་ཟད་ཁྱོད་ལ་ལག་ཤེས་པའང་ཤིན་ཏུ་མང་པོ་ཡོད་དེ། རྡོ་རྐོ་མཁན་དང་། རྡོ་བཟོ་དང་། ཤིང་བཟོ་བཅས་ལས་སྣ་ཚོགས་ལ་མཁས་པའི་ལག་ཤེས་པ་མང་པོ་ཡོད་ལ། 16 ཡང་གསེར་མགར་དང་དངུལ་མགར། ལི་མགར། ལྕགས་མགར་བཅས་ནི་བགྲང་གིས་མི་ལང་བ་ཡོད་པས། ཡར་ལོངས་ལ་ལས་ཀ་བྱོས་དང་། དཀོན་མཆོག་ཡ་ཝཱེ་ཁྱོད་དང་མཉམ་དུ་བཞུགས་པར་ཤོག་ཅེས་གསུངས། 17 དཱ་བིད་ཀྱིས་ཡེས་ར་ཨེལ་གྱི་འགོ་དཔོན་ཀུན་ལ་རང་གི་སྲས་སོ་ལོ་མོན་ལ་ལས་གྲོགས་བྱེད་དགོས་པའི་བཀའ་བསྩལ་ཏེ་ན་རེ། 18 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ནི་ཁྱོད་རྣམས་དང་མཉམ་དུ་བཞུགས་པ་མ་ཡིན་ནམ། ཁོང་གིས་ཁྱོད་རྣམས་ཀྱི་ཕྱོགས་བཞི་བདེ་ལ་བཀོད་པ་མ་ཡིན་ནམ། ཅིའི་ཕྱིར་ཞེ་ན། ཁོང་གིས་ཡུལ་འདིའི་ཡུལ་མི་རྣམས་ངའི་ལག་ཏུ་གཏད་ཏེ། ཡུལ་འདི་ནི་དཀོན་མཆོག་ཡ་ཝཱེ་དང་ཁོང་གི་འབངས་མིའི་མདུན་དུ་བཏུལ་བ་ཡིན་ནོ། ། 19 ད་ནི་ཁྱོད་རྣམས་ཀྱིས་སེམས་ཐག་བཅད་ནས་རང་གི་དཀོན་མཆོག་ཡ་ཝཱེ་འཚོལ་ཞིག དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་དང་། དཀོན་མཆོག་གི་སྣོད་ཆས་དམ་པ་རྣམས་དཀོན་མཆོག་ཡ་ཝཱེའི་མཚན་གྱི་ཕྱིར་བཞེངས་པའི་མཆོད་ཁང་གི་ནང་དུ་འཇོག་པའི་དོན་དུ། ཁྱོད་རྣམས་ལངས་ནས་དཀོན་མཆོག་ཡ་ཝཱེའི་གནས་དམ་པ་བརྩིག་དགོས་ཞེས་བསྒོས་སོ། །