ལེའུ་དགུ་པ།
དཀོན་མཆོག་ཡ་ཝཱེ་ཡང་བསྐྱར་སོ་ལོ་མོན་ལ་མངོན་པ།
དེ་ཡང་སོ་ལོ་མོན་གྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དང་རྒྱལ་པོའི་ཕོ་བྲང་། དེ་མིན་བསྒྲུབ་འདོད་པ་ཐམས་ཅད་བསྒྲུབས་ཚར་རྗེས། དཀོན་མཆོག་ཡ་ཝཱེ་སྔོན་ཆད་གིབ་ཡོན་ཡུལ་དུ་སོ་ལོ་མོན་ལ་མངོན་པ་ལྟར། ཐེངས་གཉིས་པར་ཁོང་ལ་མངོན་པ་སྟེ། དཀོན་མཆོག་ཡ་ཝཱེས་ཁོང་ལ་འདི་སྐད་དུ། ཁྱོད་ཀྱིས་བདག་གི་མདུན་དུ་སྨོན་ལམ་བཏབ་པ་དང་ཞུ་བ་ཕུལ་བ་རྣམས་བདག་གིས་ཐོས་བྱུང་། བདག་གི་མིང་མཆོད་ཁང་འདིའི་ནང་རྟག་ཏུ་གནས་པའི་ཕྱིར། ཁྱོད་ཀྱིས་བཞེངས་པའི་མཆོད་ཁང་འདི་བདག་གིས་དམ་པར་བྱས་ཤིང་བདག་གི་མིག་དང་སེམས་གཉིས་རྟག་ཏུ་འདི་རུ་གནས་པར་འགྱུར། ཡང་ཁྱོད་ལ་མཚོན་ན། ཁྱོད་ཀྱི་ཕ་དཱ་བིད་ཀྱིས་གཞུང་རྒྱུད་དྲང་པོ་དང་དྲང་བདེན་གྱི་ངང་ནས་སྤྱད་པ་ལྟར། ཁྱོད་ཀྱིས་ཀྱང་ངའི་མདུན་དུ་དེ་ལྟར་བྱས་ནས། བདག་གིས་ཁྱོད་ལ་བསྒོས་པ་ཐམས་ཅད་དང་མཐུན་པར་སྤྱོད་ཅིང་། བདག་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་རྣམས་བསྲུངས་ན། བདག་གིས་ཁྱོད་ཀྱི་ཕ་དཱ་བིད་ལ་འདི་ལྟར། ཁྱོད་ཀྱི་བུ་རྒྱུད་ལས་ཡེས་ར་ཨེལ་གྱི་རྒྱལ་ཁྲིར་སྡོད་པའི་རྒྱལ་རྒྱུད་ནམ་ཡང་རྒྱུན་ཆད་པར་མི་འགྱུར་རོ་ཞེས་ཁས་བླངས་པ་བཞིན་དུ། བདག་གིས་ཁྱོད་ཀྱིས་ཡེས་ར་ཨེལ་ལ་དབང་སྒྱུར་བའི་རྒྱལ་ཁྲི་རྟག་ཏུ་བརྟན་པོ་འོང་བར་བྱའོ། ། གལ་ཏེ་ཁྱོད་རང་ངམ་ཁྱོད་ཀྱི་བུ་རྒྱུད་རྣམས་ང་དང་ཁ་བྲལ་ནས་བདག་གི་རྗེས་སུ་མི་འབྲང་བ་དང་། བདག་གིས་ཁྱོད་རྣམས་ལ་བསྩལ་བའི་བཀའ་རྒྱ་དང་སྒྲིག་ཁྲིམས་རྣམས་མི་བསྲུང་བར། ལྷ་གཞན་རྣམས་ལ་ཞབས་ཏོག་བསྒྲུབས་ནས་དེ་དག་ལ་བསྙེན་བཀུར་བྱས་ན། བདག་གིས་ཡེས་ར་ཨེལ་པ་རྣམས་ལ་གནང་བའི་ཡུལ་འདི་ནས་ཁོ་ཚོ་མེད་པར་བཟོ་བ་དང་། ཐ་ན་བདག་གི་མིང་གི་ཕྱིར་དམ་པར་བྱས་པའི་མཆོད་ཁང་འདི་ཡང་བདག་གི་མིག་ལམ་ནས་འདོར་བར་བྱ་ཞིང་། ཡེས་ར་ཨེལ་པ་རྣམས་ནི་མི་ཐམས་ཅད་ཀྱི་ནང་དུ་གད་མོའི་གནས་དང་འཕྱ་དམོད་བྱ་ཡུལ་དུ་འགྱུར་རོ། ། ཡང་མཆོད་ཁང་འདི་ཞིག་རལ་དུ་འགྱུར་ཞིང་། དེའི་མདུན་ནས་འགྲོ་མཁན་ཐམས་ཅད་ཧ་ལས་ནས་འཕྱ་དགོད་བྱེད་ཀྱིན་དཀོན་མཆོག་ཡ་ཝཱེས་ཡུལ་འདི་དང་མཆོད་ཁང་འདི་ལ་འདི་ལྟར་མཛད་དོན་ཅི་ཡིན་ནམ་ཞེས་སྨྲ་ཞིང་། མི་རྣམས་ཀྱིས་དེའི་ལན་དུ། ཁོ་ཚོས་རང་གི་ཕ་མེས་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་འོང་མཁན་དཀོན་མཆོག་ཡ་ཝཱེ་སྤངས་ཤིང་། ལྷ་རྣམས་ལ་བརྟེན་ནས་དེ་དག་ལ་ཕྱག་བཙལ་བ་དང་ཞབས་ཏོག་བསྒྲུབས་པའི་རྐྱེན་གྱིས། དཀོན་མཆོག་ཡ་ཝཱེས་བར་ཆད་འདི་ཐམས་ཅད་ཁོ་ཚོའི་ཐོག་ཏུ་ཕབ་པ་རེད་ཅེས་སྨྲ་བར་འགྱུར་རོ་ཞེས་གསུངས་སོ། །
སོ་ལོ་མོན་གྱི་འཕྲིན་ལས་གཞན་དག
10 སོ་ལོ་མོན་གྱིས་བགྲང་བྱ་ཉི་ཤུའི་རིང་ལ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དང་རྒྱལ་པོའི་ཕོ་བྲང་གཉིས་ཀ་བཞེངས་པ་དང་། 11 ཐཱར་གྱི་རྒྱལ་པོ་ཧི་རཱམ་གྱིས་སོ་ལོ་མོན་གྱི་འདོད་པ་བཞིན་དུ་ཐང་ཤིང་དང་། གསོམ་པ། གསེར་བཅས་ཀྱིས་ཁོང་ལ་རོགས་བྱས་པས། ཁོང་གིས་ག་ལིལ་ཡུལ་གྱི་གྲོང་ཁྱེར་ཉི་ཤུ་ཧི་རཱམ་ལ་སྤྲད་དོ། ། 12 དེ་ནས་ཧི་རཱམ་ནི་ཐཱར་ནས་ཐོན་ཏེ་སོ་ལོ་མོན་གྱིས་སྤྲད་པའི་གྲོང་ཁྱེར་རྣམས་ལ་བལྟས་པའི་ཚེ། དེ་རྣམས་ཁོའི་མིག་ལ་མ་རན་པ་རེད། 13 དེ་བས་ཁོས་འདི་ལྟར། ངའི་མཆེད་གྲོགས་ལགས། འདི་དག་ནི་ཁྱེད་ཀྱིས་ང་ལ་སྤྲད་པའི་གྲོང་ཁྱེར་རྣམས་ཡིན་ནམ་ཞེས་དྲིས་ཤིང་། དེ་དག་གི་མིང་ལ་ཀ་བུལ་ *ཀ་བུལ་ཞེས་པ་ནི་གནའ་བོའི་ཡ་ཧུ་དཱ་མི་རིགས་ཀྱི་སྐད་ཡིན་ལ། རིན་ཐང་ཅི་ཡང་མེད་པ་ཞེས་པའི་དོན་ལ་འཇུག ཞེས་མིང་བཏགས་པ་དེ་རིང་བར་དུ་ལུས་པ་ཡིན། 14 ཧི་རཱམ་གྱིས་སོ་ལོ་མོན་ལ་གསེར་རྡོ་ཚད་ཆིག་བརྒྱ་ཉི་ཤུ་བརྫངས་སོ། །
15 རྒྱལ་པོ་སོ་ལོ་མོན་གྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དང་། རྒྱལ་པོ་རང་གི་ཕོ་བྲང་དང་། འཛིངས་རགས་དང་། ཡེ་རུ་སཱ་ལེམ་གྱི་མཁར་གྱང་དང་། ཧ་ཟོར་དང་། མེ་གིད་དོ་དང་། གེ་ཟེར་བཅས་བརྩིག་པར་ངལ་རྩོལ་པ་བསྡུས་པ་འདི་ལྟ་སྟེ། 16 སྔར་ཨེ་ཅིབ་ཀྱི་རྒྱལ་པོ་ཕཱར་ཨོལ་གྱིས་དམག་བཏང་ནས་གེ་ཟེར་བླངས་ཏེ་མེ་ལ་བསྲེགས་པ་དང་། གྲོང་ཁྱེར་དེར་གནས་པའི་ཀ་ན་ཨན་པ་རྣམས་བསད་དེ། སོ་ལོ་མོན་གྱི་བཙུན་མོ་སྟེ་རང་གི་སྲས་མོ་ལ་གྲོང་ཁྱེར་དེ་གསོལ་རས་སུ་བཏང་བས། 17 སོ་ལོ་མོན་གྱིས་གེ་ཟེར་དང་། པེད་ཧོ་རོན་འོག་མ་དང་། 18 པཱ་ཨ་ལད་དང་། ཡ་ཧུ་དཱའི་དབེན་སྟོང་གི་ཐད་མོར་བྱ་བ་དང་། 19 སོ་ལོ་མོན་ལ་མངའ་བའི་བང་མཛོད་ཀྱི་གྲོང་ཁྱེར་དང་། ཤིང་རྟའི་གྲོང་ཁྱེར་དང་། སྐྱ་དམག་གི་གྲོང་ཁྱེར་བཅས་ཐམས་ཅད་དང་། ཡེ་རུ་སཱ་ལེམ་དང་ལེ་པཱ་ནོན་དང་། རང་གི་སྲིད་འོག་གི་ཡུལ་ཀུན་ཏུ་སོ་ལོ་མོན་གྱིས་བརྩིག་འདོད་པ་ཐམས་ཅད་བསྐྱར་གསོ་བགྱིས་པའོ། ། 20 ཡང་ཡེས་ར་ཨེལ་པ་མ་ཡིན་པའི་ཨེ་མོར་པ་དང་། ཧེད་པ་དང་། ཕེ་རེ་ཟི་པ་དང་། ཧེ་བི་པ་དང་། ཡེ་བུ་སི་པ་བཅས་ཀྱི་ལྷག་ལུས་ཐམས་ཅད་དེ། 21 ཡེས་ར་ཨེལ་པ་རྣམས་ཀྱིས་ཁྱོན་ནས་འཇོམ་མ་ནུས་པའི་དེ་དག་གི་བུ་རྒྱུད་རྣམས་ནི། སོ་ལོ་མོན་གྱིས་ངལ་ལས་བྱེད་པའི་བྲན་གཡོག་ཏུ་བསྡུས་པ་དང་། དེ་རིང་གི་བར་དུ་དེ་ལྟར་ཡིན། 22 འོན་ཀྱང་སོ་ལོ་མོན་གྱིས་ཡེས་ར་ཨེལ་པ་རྣམས་ནི་བྲན་གཡོག་བྱེད་དུ་མ་བཅུག་པར་དེ་རྣམས་ནི་དམག་མི་དང་། བློན་འཁོར། དམག་དཔོན། དེད་དཔོན། ཁོང་གི་ཤིང་རྟ་དང་སྐྱ་དམག་རྣམས་ཀྱི་འགོ་དཔོན་བཅས་བྱེད་དུ་བཅུག་གོ ། 23 སོ་ལོ་མོན་གྱི་ལས་ཀ་བྱེད་མཁན་དག་གི་གོང་དུ་འགོ་དཔོན་ལྔ་བརྒྱ་ལྔ་བཅུ་ཡོད་ལ། དེ་དག་གིས་ལས་ཀ་བྱེད་པའི་མི་རྣམས་ལ་བལྟས་སོ། ། 24 ཕཱར་ཨོལ་གྱི་སྲས་མོ་ནི་དཱ་བིད་ཀྱི་གྲོང་ཁྱེར་ནས་སོ་ལོ་མོན་གྱིས་མོའི་དོན་དུ་བཞེངས་པའི་གླིང་ཀ་རུ་སྤར་རྗེས། སོ་ལོ་མོན་གྱིས་འཛིངས་རགས་བསྐྱར་གསོ་མཛད་དོ། ། 25 སོ་ལོ་མོན་གྱིས་དཀོན་མཆོག་ཡ་ཝཱེའི་དོན་དུ་བཞེངས་པའི་མཆོད་ཁྲིའི་ཁར་ལོ་རེར་ཐེངས་གསུམ་ལ་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་ཕུལ་ཞིང་། ཡང་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་བདུག་སྤོས་ཀྱང་བདུགས་ཤིང་མཆོད་ཁང་དེ་འགྲུབ་པར་བྱས་སོ། ། 26 དེ་ནས་རྒྱལ་པོ་སོ་ལོ་མོན་གྱིས་ཨེ་དོམ་ཡུལ་གྱི་རྒྱ་མཚོ་དམར་པོའི་འགྲམ་ནས་ཨེ་ལོད་དང་ཐག་ཉེ་བའི་ཨེ་ཙི་ཡོན་གེ་བེར་ཞེས་པར་གྲུ་གཟིངས་རྣམས་བཟོས་པའོ། །
27 ཧི་རཱམ་གྱིས་རང་གི་ཞབས་ཕྱི་སྟེ་རྒྱ་མཚོར་རྒྱུས་ཡོད་པའི་གྲུ་པ་རྣམས་སོ་ལོ་མོན་གྱི་ཞབས་ཕྱི་དང་མཉམ་དུ་བཏང་བ་དང་། 28 དེ་དག་ཨོ་ཕིར་བྱ་བར་ཕྱིན་ཏེ། ཡུལ་དེ་ནས་གསེར་རྡོ་ཚད་བཞི་བརྒྱ་ཉི་ཤུ་བླངས་ནས་རྒྱལ་པོ་སོ་ལོ་མོན་གྱི་དྲུང་དུ་བསྐྱལ་ཏོ། །

*ལེའུ་དགུ་པ།:13 ཀ་བུལ་ཞེས་པ་ནི་གནའ་བོའི་ཡ་ཧུ་དཱ་མི་རིགས་ཀྱི་སྐད་ཡིན་ལ། རིན་ཐང་ཅི་ཡང་མེད་པ་ཞེས་པའི་དོན་ལ་འཇུག