ལེའུ་བཅོ་ལྔ་པ།
ཨ་བི་ཡཱ་ནི་ཡ་ཧུ་དཱའི་རྒྱལ་པོར་བསྡད་པ།
ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྲིད་ལོ་བཅོ་བརྒྱད་པར། ཨ་བི་ཡཱ་ནི་ཡ་ཧུ་དཱའི་རྒྱལ་པོར་བསྡད། ཁོས་ཡེ་རུ་སཱ་ལེམ་དུ་ལོ་གསུམ་གྱི་རིང་ལ་རྒྱལ་སྲིད་བསྐྱངས་པ་དང་། ཁོའི་མ་ཡི་མིང་ལ་མ་ཨ་ཀཱ་ཟེར་ཞིང་མོ་ནི་ཨ་བི་ཤ་ལོམ་གྱི་བུ་མོ་ཡིན། ཨ་བི་ཡཱས་སྔར་རང་གི་ཕ་ཡིས་བྱས་པའི་སྡིག་ཉེས་མཐའ་དག་བྱས་ཏེ། ཁོའི་སེམས་ནི་རང་གི་མེས་པོ་དཱ་བིད་ཀྱི་སེམས་དང་འདྲ་བར་དཀོན་མཆོག་ཡ་ཝཱེ་ལ་ཡོངས་སུ་ཕུལ་མེད་དོ། ། འོན་ཀྱང་དཱ་བིད་ཀྱི་རྐྱེན་གྱིས། ཨ་བི་ཡཱའི་དཀོན་མཆོག་ཡ་ཝཱེས་ཡེ་རུ་སཱ་ལེམ་དུ་ཁོ་ལ་སྒྲོན་མེ་གནང་སྟེ། ཁོའི་བུ་ཁོའི་ཚབ་ཏུ་རྒྱལ་པོར་བསྐོས་པ་དང་ཡེ་རུ་སཱ་ལེམ་གྲོང་ཁྱེར་བརྟན་པོར་མཛད་པ་རེད། ཅིའི་ཕྱིར་ཞེ་ན། དཱ་བིད་ཀྱིས་དཀོན་མཆོག་ཡ་ཝཱེའི་སྤྱན་ལམ་དུ་ལེགས་པོ་གང་ཡིན་དེ་སྤྱད་ནས། ཧེད་པ་ཨུ་རི་ཡཱའི་དོན་དེ་སྐོར་ནས་མ་གཏོགས་ཁོང་ནི་ཚེ་གང་པོར་དཀོན་མཆོག་ཡ་ཝཱེའི་བཀའ་གང་ལའང་མ་འགལ་ལོ། ། ཨ་བི་ཡཱའི་མི་ཚེ་གང་པོར་རེ་ཧབ་ཨམ་དང་ཡེ་རོབ་ཨམ་གཉིས་ཀྱི་བར་ལ་རྒྱུན་དུ་དམག་འཁྲུག་བྱུང་། ཨ་བི་ཡཱའི་བྱས་རྗེས་གཞན་རྣམས་དང་ཁོས་ཅི་བྱས་པ་ཐམས་ཅད་ནི་ཡ་ཧུ་དཱའི་རྒྱལ་རབས་ཀྱི་མདོ་ཡི་ནང་དུ་བཀོད་ཡོད་པ་མ་ཡིན་ནམ། ཨ་བི་ཡཱ་དང་ཡེ་རོབ་ཨམ་གཉིས་ཀྱི་བར་ལའང་རྒྱུན་དུ་དམག་འཁྲུག་བྱུང་བ་ཡིན། དེ་ནས་ཨ་བི་ཡཱ་ནི་རང་གི་ཕ་མེས་རྣམས་དང་ལྷན་ཅིག་ཏུ་གཟིམས་པ་དང་། ཁོ་དཱ་བིད་ཀྱི་གྲོང་ཁྱེར་དུ་དུར་ལ་སྦས་ཤིང་། ཁོའི་བུ་ཨ་སཱ་ཡིས་ཁོའི་ཚབ་ཏུ་རྒྱལ་སྲིད་བཟུང་བའོ། །
ཨ་སཱ་ནི་ཡ་ཧུ་དཱའི་རྒྱལ་པོར་བསྡད་པ།
ཡེས་ར་ཨེལ་གྱི་རྒྱལ་པོ་ཡེ་རོབ་ཨམ་གྱི་སྲིད་ལོ་ཉི་ཤུ་པར་ཨ་སཱ་ནི་ཡ་ཧུ་དཱའི་རྒྱལ་པོར་བསྡད། 10 ཁོང་གིས་ཡེ་རུ་སཱ་ལེམ་དུ་ལོ་ཞེ་གཅིག་གི་རིང་ལ་རྒྱལ་སྲིད་བསྐྱངས། ཨ་བི་ཤ་ལོམ་གྱི་བུ་མོ་མཱ་ཨ་ཀཱ་བྱ་བ་ནི་ཁོའི་རྨོ་མོ་ཡིན་ནོ། ། 11 ཨ་སཱ་ཡིས་རང་གི་ཡབ་མེས་དཱ་བིད་དང་འདྲ་བར་དཀོན་མཆོག་ཡ་ཝཱེའི་སྤྱན་ལམ་དུ་ལེགས་པོ་གང་ཡིན་དེ་སྤྱད་ནས། 12 ཁོང་གིས་མཆོད་གཤོམ་གྱི་ཆོས་རྫུ་གཞང་འཚོང་རྣམས་ཡུལ་དེ་ནས་བཏོན་ཞིང་། ཕ་མེས་རྣམས་ཀྱིས་བཟོས་པའི་སྐུ་འདྲ་ཐམས་ཅད་ཀྱང་མེད་པར་བྱས། 13 དེར་མ་ཟད་རང་གི་རྨོ་མོ་མཱ་ཨ་ཀཱ་ཞེས་པ་རྒྱལ་ཡུམ་གྱི་གོ་ས་ལས་ཕབ། ཅིའི་ཕྱིར་ཞེ་ན། དེས་ཨ་ཤེ་རཱ་ཡི་སྐུ་འཇིགས་སུ་རུང་བ་ཞིག་བཞེངས་པས་སོ། །ཨ་སཱས་སྐུ་འཇིགས་སུ་རུང་བ་དེ་བཅག་ནས་ཀིད་རོན་ཆུ་བོའི་འགྲམ་དུ་མེར་བསྲེགས་སོ། ། 14 འོན་ཀྱང་མཐོ་གླིང་རྣམས་ད་དུང་མ་བཤིག་པར་ལུས་མོད། ཨ་སཱས་ཚེ་གང་པོ་དཀོན་མཆོག་ཡ་ཝཱེ་ལ་ཡོངས་སུ་ཕུལ་ཏོ། ། 15 ཨ་སཱས་རང་གི་ཕ་ཡིས་དམ་པར་བསྔོས་པ་དང་། རང་གིས་དམ་པར་བསྔོས་པའི་གསེར་དངུལ་དང་། སྣོད་ཆས་ཐམས་ཅད་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་བཅུག་པ་ཡིན།
16 ཡང་ཨ་སཱ་དང་ཡེས་ར་ཨེལ་གྱི་རྒྱལ་པོ་པཱ་ཤ་གཉིས་ཀྱི་བར་ལ་མི་ཚེ་གང་པོར་དམག་འཁྲུག་བྱུང་ངོ་། ། 17 ཡེས་ར་ཨེལ་གྱི་རྒྱལ་པོ་པཱ་ཤ་ཡིས་ཡར་ཡ་ཧུ་དཱ་ལ་དམག་དྲངས་ནས། མི་སུ་ཡིན་ཡང་ཡ་ཧུ་དཱའི་རྒྱལ་པོ་ཨ་སཱའི་དྲུང་དུ་འགྲོ་འོང་བྱེད་པ་གཅོད་པའི་ཕྱིར་དུ། ཁོས་རཱ་མ་བྱ་བ་བརྩིགས་སོ། ། 18 དེ་ནས་ཨ་སཱ་ཡིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དང་རྒྱལ་པོའི་ཕོ་བྲང་གི་གཏེར་མཛོད་ནས་ལུས་པའི་གསེར་དངུལ་ཕྱུང་སྟེ། རང་གི་ཞབས་ཕྱི་རྣམས་ཀྱི་ལག་ཏུ་སྤྲད་པ་དང་། དེ་རྣམས་དཱ་མེ་སེག་ཏུ་གནས་པའི་ཨ་རམ་གྱི་རྒྱལ་པོ་པེན་ཧ་དཱད་ཀྱི་དྲུང་དུ་བརྫངས། ཡང་དེ་ནི་ཏབ་རིམ་མོན་གྱི་བུ་དང་། ཧེས་ཡོན་གྱི་ཚ་བོ་ཡིན་ནོ། །ཨ་སཱས་འདི་ལྟར། 19 གཟིགས་དང་། ཁྱེད་ཀྱི་ཕ་དང་ངའི་ཕ་གཉིས་ཀྱི་བར་དུ་སྔར་ཆད་དོན་བཞག་ཡོད་པས། འུ་གཉིས་ཀྱིས་ཀྱང་ཆད་དོན་འཇོག་དགོས་ཏེ། ད་ལྟ་ངས་ཁྱེད་ལ་གསེར་དང་དངུལ་ཕྱག་རྟེན་དུ་བསྐུར་བ་ཡིན། ཡེས་ར་ཨེལ་གྱི་རྒྱལ་པོ་པཱ་ཤ་ངའི་མདུན་ནས་འགྲོ་བའི་ཕྱིར། ཁྱེད་ཀྱིས་དེར་བཞག་པའི་ཆད་དོན་དེ་སྤང་བར་མཛོད་ཅིག་ཅེས་སྨྲས་པས། 20 པེན་ཧ་དཱད་ཀྱིས་རྒྱལ་པོ་ཨ་སཱའི་གཏམ་ལ་མཉན་ནས། དམག་དཔོན་རྣམས་ཡེས་ར་ཨེལ་གྱི་གྲོང་ཁྱེར་རྣམས་སུ་བཏང་ནས། དེ་དག་གིས་ཨི་ཡོན་དང་། དཱན་དང་། ཨ་བེལ་པེད་མ་ཨ་ཀཱ་དང་། ཀིན་ནེ་རོད་ཡུལ་ཀུན་དང་། ནཱབ་ཐ་ལི་བཅས་ཡུལ་ཐམས་ཅད་ཕམ་པར་བྱས་སོ། ། 21 པཱ་ཤ་ཡིས་གཏམ་དེ་ཐོས་པ་དང་། རཱ་མ་བརྩིག་མཚམས་བཞག་ཅིང་སྔར་བཞིན་ཐིར་ཙ་བྱ་བར་བསྡད་དོ། ། 22 དེ་ནས་རྒྱལ་པོ་ཨ་སཱ་ཡིས་ཡ་ཧུ་དཱ་པ་གཅིག་ཀྱང་མ་ལུས་པར་ཀུན་ལ་སྤྱི་བསྒྲགས་བྱས་པ་དང་། དེ་དག་གིས་པཱ་ཤས་རཱ་མ་རྩིག་བྱེད་ཀྱི་རྡོ་དང་གདུང་མ་རྣམས་སྤར་ནས། རྒྱལ་པོ་ཨ་སཱས་རྒྱུ་ཆ་དེ་དག་གིས་པེན་ཡཱ་མེན་ཡུལ་གྱི་གེ་བཱ་དང་མཱས་ཟི་ཕཱ་གཉིས་བརྩིགས་སོ། ། 23 ཨ་སཱ་ཡི་བྱས་རྗེས་གཞན་རྣམས་དང་། ཁོང་གི་དཔའ་རྩལ་དང་ཅི་བྱས་པ་ཐམས་ཅད་དང་། ཁོང་གིས་བརྩིགས་པའི་གྲོང་ཁྱེར་བཅས་ནི་ཡ་ཧུ་དཱའི་རྒྱལ་རབས་ཀྱི་མདོ་ཡི་ནང་དུ་བཀོད་ཡོད་པ་མ་ཡིན་ནམ། འོན་ཀྱང་ཁོང་ལོ་ན་རྒས་པའི་དུས་སུ་རྐང་པ་ན་བར་གྱུར་ཏོ། ། 24 དེ་ནས་ཨ་སཱ་རང་གི་ཕ་མེས་རྣམས་དང་ལྷན་ཅིག་ཏུ་གཟིམས་པ་དང་། ཁོང་གི་ཡབ་མེས་དཱ་བིད་ཀྱི་གྲོང་ཁྱེར་དུ་རང་གི་ཕ་མེས་རྣམས་ཀྱི་ཁྲོད་དུར་ལ་སྦས། ཁོང་གི་བུ་ཡེ་ཧོ་ཤ་ཕད་ཀྱིས་ཁོང་གི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་། །
ནཱ་དབ་ནི་ཡེས་ར་ཨེལ་གྱི་རྒྱལ་པོར་བསྡད་པ།
25 ཡ་ཧུ་དཱའི་རྒྱལ་པོ་ཨ་སཱ་ཡིས་རྒྱལ་སྲིད་བསྐྱངས་པའི་ལོ་གཉིས་པར། ཡེ་རོབ་ཨམ་གྱི་བུ་ནཱ་དབ་ནི་ཡེས་ར་ཨེལ་གྱི་རྒྱལ་པོར་བསྡད་པ་དང་། ཡེས་ར་ཨེལ་ལ་ལོ་གཉིས་ཀྱི་རིང་ལ་སྲིད་བྱས། 26 ཁོས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་ནས། རང་གི་ཕ་ཡི་ལམ་དུ་འགྲུལ་ཞིང་། ཁོའི་ཕ་ཡིས་ཡེས་ར་ཨེལ་པ་རྣམས་སྡིག་པར་ལྷུང་དུ་བཅུག་པའི་སྡིག་པ་དེ་བྱས་སོ། ། 27 ཡེས་སི་ཀཱར་གྱི་ཁྱིམ་རྒྱུད་ཀྱི་ཨ་ཧི་ཡཱའི་བུ་པཱ་ཤ་ཡིས་ནཱ་དབ་ལ་ལྐོག་གཤོམ་བྱས་ཏེ། ནཱ་དབ་དང་ཡེས་ར་ཨེལ་པ་རྣམས་ཀྱིས་ཕེ་ལེ་ཤེད་ཡུལ་གྱི་གིབ་བེ་ཏོན་བསྐོར་ནས་དེར་དཔུང་འཇུག་བྱེད་པའི་དུས་སུ། པཱ་ཤ་ཡིས་ནཱ་དབ་ཁོ་རང་གིབ་བེ་ཏོན་དུ་བསད་པ་རེད། 28 དེ་ལྟར་ཡ་ཧུ་དཱའི་རྒྱལ་པོ་ཨ་སཱ་ཡི་སྲིད་ལོ་གསུམ་པར། པཱ་ཤ་ཡིས་ནཱ་དབ་བསད་ནས་ཁོའི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་། ། 29 པཱ་ཤ་རྒྱལ་པོར་བསྡད་མ་ཐག་ཏུ། ཡེ་རོབ་ཨམ་གྱི་ཁྱིམ་གང་པོ་བསད་ནས། དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་ཞབས་ཕྱི་སྟེ་ཞི་ལོ་པ་ཨ་ཧི་ཡཱ་བརྒྱུད་ནས་གསུངས་པ་བཞིན་དུ། དབུགས་ཡོད་པ་ཐམས་ཅད་ལས་གཅིག་ཀྱང་མ་ལུས་པར་མེད་པར་བཏང་ངོ་། ། 30 ཅིའི་ཕྱིར་ཞེ་ན། ཡེ་རོབ་ཨམ་རང་གིས་བྱས་པའི་སྡིག་ཉེས་དང་། ཡེས་ར་ཨེལ་པ་རྣམས་སྡིག་པར་ལྷུང་དུ་བཅུག་པའི་སྡིག་པ་དེ་དང་། ཡང་ཁོས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ཐུགས་ཁྲོ་རུ་བཅུག་པའི་རྐྱེན་གྱིས་བྱུང་བའོ། ། 31 ཡང་ནཱ་དབ་ཀྱི་བྱས་རྗེས་གཞན་རྣམས་དང་། ཁོས་ཅི་བྱས་པ་ཐམས་ཅད་ནི་ཡེས་ར་ཨེལ་གྱི་རྒྱལ་རབས་ཀྱི་མདོ་ཡི་ནང་དུ་བཀོད་ཡོད་པ་མ་ཡིན་ནམ། 32 ཨ་སཱ་དང་ཡེས་ར་ཨེལ་གྱི་རྒྱལ་པོ་པཱ་ཤ་གཉིས་ཀྱི་བར་ལ་ཚེ་གང་པོར་དམག་འཁྲུག་བྱུང་བ་ཡིན་ནོ། །
པཱ་ཤ་ནི་ཡེས་ར་ཨེལ་གྱི་རྒྱལ་པོར་བསྡད་པ།
33 ཡ་ཧུ་དཱའི་རྒྱལ་པོ་ཨ་སཱ་ཡི་སྲིད་ལོ་གསུམ་པར། ཨ་ཧི་ཡཱ་ཡི་བུ་པཱ་ཤ་ནི་ཐིར་ཙ་རུ་ཡེས་ར་ཨེལ་ཡོངས་ཀྱི་རྒྱལ་པོར་བསྡད་ཅིང་། ལོ་ཉེར་བཞིའི་རིང་དུ་རྒྱལ་སྲིད་བཟུང་བ་དང་། 34 ཁོས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་ནས། ཡེ་རོབ་ཨམ་གྱི་ལམ་དུ་འགྲུལ་ཞིང་། ཡེ་རོབ་ཨམ་གྱིས་ཡེས་ར་ཨེལ་པ་རྣམས་སྡིག་པར་ལྷུང་དུ་བཅུག་པའི་སྡིག་པ་དེ་བྱས་སོ། །