ལེའུ་ཉེར་གསུམ་པ།
དཱ་བིད་ཀྱིས་ཀེ་ཨི་ལཱ་གྲོང་ཁྱེར་བསྐྱབས་པ།
དེ་ནས་མི་རྣམས་ཀྱིས་དཱ་བིད་ལ། ཀྱེ་ཧོ། ཕེ་ལེ་ཤེད་པ་རྣམས་ཀྱིས་ཀེ་ཨི་ལཱ་རུ་འཐབ་མོ་བྱེད་པར་མ་ཟད། གཡུལ་ཁ་ཐམས་ཅད་འཕྲོག་གིན་འདུག་ཅེས་ཟེར་བས། དཱ་བིད་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་གསོལ་བ་བཏབ་ཅིང་། བདག་ནི་ཕེ་ལེ་ཤེད་པ་འདི་དག་ལ་དམག་རྒྱག་ཏུ་འགྲོ་བར་རུང་ངམ་ཞེས་ཞུས་པ་ན། དཀོན་མཆོག་ཡ་ཝཱེས་ཁྱོད་འགྲོ་རུང་བ་ཡིན། ཕེ་ལེ་ཤེད་པ་རྣམས་མེད་པར་བྱོས་དང་། ཀེ་ཨི་ལཱ་སྐྱོབས་ཤིག་ཅེས་བཀའ་བསྩལ་ཡང་། དཱ་བིད་ཀྱི་མི་རྣམས་ཀྱིས་ཁོ་ལ། ཡ་ཧུ་དཱའི་ཡུལ་འདི་ནས་ཀྱང་བདག་ཅག་འཇིགས་ཤིང་སྐྲག་ན་ཀེ་ཨི་ལཱ་རུ་ཡོད་པའི་ཕེ་ལེ་ཤེད་པའི་དམག་དཔུང་ལ་འཐབ་པར་ལྷག་ཏུ་མི་འཇིགས་སམ་ཞེས་ཞུས་པས། ཡང་དཱ་བིད་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་གསོལ་བ་བཏབ་པ་ན། དཀོན་མཆོག་ཡ་ཝཱེས་དེ་ལ་ཀེ་ཨི་ལཱ་རུ་མར་སོང་ཞིག་དང་། ངས་ཕེ་ལེ་ཤེད་པ་རྣམས་ཁྱོད་ཀྱི་ལག་ཏུ་སྤྲོད་པར་བྱ་ཞེས་བཀའ་ལན་གནང་བས། དཱ་བིད་དང་དེའི་མི་རྣམས་ཀེ་ཨི་ལཱ་རུ་སོང་སྟེ། ཕེ་ལེ་ཤེད་པ་དང་དམག་བརྒྱབ་ཅིང་དེ་དག་གི་ཕྱུགས་ཕྲོགས་ནས་གསོད་གཅོད་ཆེན་པོ་ཞིག་གིས་ཕམ་པར་བྱས་ཤིང་། དེ་ལྟར་དཱ་བིད་ཀྱིས་ཀེ་ཨི་ལཱ་པ་རྣམས་བསྐྱབས་པ་རེད། ཡང་ཨ་ཧི་མེ་ལེག་གི་བུ་ཨབ་ཡཱ་ཐར་ནི་བེར་ཐུལ་བཟུང་ནས་ཀེ་ཨི་ལཱ་རུ་བྲོས་ཏེ་དཱ་བིད་ཀྱི་མདུན་དུ་སླེབས་སོ། །
སོ་ལོས་དཱ་བིད་ཀྱི་རྗེས་དེད་པ།
སོ་ལོས་དཱ་བིད་ནི་ཀེ་ཨི་ལཱ་རུ་སླེབས་པའི་གཏམ་ཐོས་ནས། ཁོ་ནི་སྒོ་དང་སྒོ་གཏན་ཡོད་པའི་གྲོང་ཁྱེར་དུ་བཀག་པས་དཀོན་མཆོག་གིས་ཁོ་ངའི་ལག་ཏུ་སྤྲད་པ་ཡིན་ཞེས་སྨྲས་ཤིང་། ཀེ་ཨི་ལཱ་རུ་མར་སོང་ནས་དཱ་བིད་དང་ཁོའི་མི་རྣམས་བསྐོར་བའི་ཆེད་དུ་སོ་ལོས་དམག་ཐམས་ཅད་བསྡུས། དེ་ནས་དཱ་བིད་ཀྱིས་སོ་ལོས་ཁོ་ལ་གཡོ་ཐབས་ཀྱིས་གནོད་འཚེ་གཏོང་བ་ཤེས་པ་དང་། མཆོད་དཔོན་ཨབ་ཡཱ་ཐར་ལ་བེར་ཐུལ་འདི་རུ་འཁུར་ཤོག་ཅེས་སྨྲས་ཤིང་། 10 དཱ་བིད་ཀྱིས། ཀྱེ་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ལགས། སོ་ལོས་ཐབས་ཤེས་བཏོན་ནས་ཀེ་ཨི་ལཱ་རུ་འོང་ཞིང་གྲོང་ཁྱེར་འདི་འཇིག་པར་བྱའོ། །དེ་ནི་བདག་གི་རྐྱེན་གྱིས་ཡིན་ཞེས་བསྒྲགས་སྐད། གཏམ་དེ་དག་ཁྱེད་ཀྱི་ཞབས་ཕྱི་བདག་གིས་ཐོས་པ་ཡིན། 11 ཀེ་ཨི་ལཱ་པ་རྣམས་ཀྱིས་བདག་ཁོའི་ལག་ཏུ་གཏོད་པར་བྱའམ། ཁྱེད་ཀྱི་ཞབས་ཕྱིས་ཐོས་པ་བཞིན་དུ་སོ་ལོ་འདིར་སླེབ་ཡོང་ངམ། ཀྱེ་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱི་ཞབས་ཕྱི་བདག་ལ་གསུང་བར་མཛོད་ཅེས་ཞུས་པས། དཀོན་མཆོག་ཡ་ཝཱེས་ཁོ་སླེབ་ཡོང་ཞེས་གསུངས། 12 ཡང་དཱ་བིད་ཀྱིས། ཀེ་ཨི་ལཱ་པ་རྣམས་ཀྱིས་བདག་དང་བདག་གི་མི་རྣམས་སོ་ལོའི་ལག་ཏུ་གཏོད་པར་བྱའམ་ཞེས་ཞུས་པས་དཀོན་མཆོག་ཡ་ཝཱེས་གཏོད་པར་བྱའོ་ཞེས་གསུངས། 13 དེ་ནས་དཱ་བིད་དང་ཁོའི་རྗེས་སུ་འབྲངས་པའི་མི་དྲུག་བརྒྱ་ཙམ་ཡོད་པ་ལངས་ནས། ཀེ་ཨི་ལཱ་ནས་བྲོས་ཏེ་འགྲོ་ཐུབ་ས་དེར་སོང་། སོ་ལོས་དཱ་བིད་ནི་ཀེ་ཨི་ལཱ་ནས་སོང་ཟིན་པའི་གཏམ་ཐོས་པས་བྱ་བ་དེའི་མཚམས་བཞག་གོ །
དཱ་བིད་རི་ཁྲོད་དུ་བྲོས་པ།
14 ཡང་དཱ་བིད་དབེན་སྟོང་གི་རི་རྫོང་དེར་བསྡད་ཅིང་བྱེ་ཐང་དང་རི་མང་བའི་ཡུལ་ལུང་ཟིབ་ཅེས་པར་གནས་པ་ལ། སོ་ལོས་ཉིན་རེ་བཞིན་དུ་ཁོ་བཙལ་ཡང་དཀོན་མཆོག་གིས་ཁོ་སོ་ལོའི་ལག་ཏུ་མ་སྤྲད་དོ། ། 15 དཱ་བིད་ནི་ཟིབ་བྱ་བའི་བྱེ་ཐང་གི་ཧོ་རེ་ཧྲི་ཡུལ་དུ་གནས་པའི་ཚེ། སོ་ལོ་དེའི་སྲོག་ལེན་དུ་སླེབས་པ་ཤེས་པར་གྱུར། 16 དེ་ནས་སོ་ལོའི་སྲས་ཡོ་ནཱ་ཐན་ལངས་ནས་ཧོ་རེ་ཧྲི་ཡུལ་ལ་དཱ་བིད་ཀྱི་མདུན་དུ་སོང་སྟེ། ཁོ་རང་དཀོན་མཆོག་ལ་བརྟེན་ནས་བརྟན་པོ་ཡོང་བར་བྱས་པ་དང་། 17 ཡང་ཁོས་དེ་ལ། མ་འཇིགས་ཤིག ངའི་ཕ་སོ་ལོའི་ལག་པས་ཁྱེད་ལ་གནག་ཐབས་མེད། ཁྱེད་ནི་ཅིས་ཀྱང་ཡེས་ར་ཨེལ་གྱི་རྒྱལ་པོར་འགྱུར་ཞིང་ང་ནི་ཅིས་ཀྱང་ཁྱེད་ཀྱི་ལག་རོགས་སུ་འགྱུར་ཡོང་། བྱ་བ་དེ་ནི་ངའི་ཕ་ཡིས་ཀྱང་ཤེས་སོ་ཞེས་སྨྲས་པས། 18 དེ་གཉིས་ཀྱིས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཁ་ཆད་བཞག་ནས་ཡོ་ནཱ་ཐན་རང་གི་ཁྱིམ་དུ་ཕྱིན་པ་དང་དཱ་བིད་སྔར་བཞིན་ཧོ་རེ་ཧྲི་ཡུལ་དུ་གནས་སོ། །
19 དེ་ནས་ཟིབ་པ་རྣམས་གིབ་ཨ་རུ་སོ་ལོའི་མདུན་དུ་སོང་ནས་དེ་ལ། དཱ་བིད་ནི་ཧོ་རེ་ཧྲི་ཡུལ་གྱི་གནས་བཙན་པོ་དང་། ཡེ་ཤི་མོན་གྱི་ལྷོ་ཕྱོགས་སུ་ཡོད་པའི་རི་ཧ་ཀི་ལཱར་ཡིབ་ནས་འདུག 20 དེའི་ཕྱིར། རྒྱལ་པོ་ཁྱེད་ཐུགས་མོས་བཞིན་དུ་མར་ཕེབས་དང་། བདག་ཅག་གིས་ཁོ་རྒྱལ་པོ་ཁྱེད་ཀྱི་ཕྱག་ཏུ་གཏོད་པར་བྱ་ཞེས་ཞུས་པ་ན། 21 རྒྱལ་པོས་དེ་དག་ལ། ཁྱོད་ཚོས་ང་ལ་འདི་ལྟར་རོགས་བྱས་པའི་རྐྱེན་གྱིས་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་བྱིན་རླབས་གནང་བར་སྨོན། 22 ད་ཁྱོད་ཅག་སོང་ལ་ནན་ཏན་གྱིས་རྩད་ཆོད། ཁོའི་སྡོད་གནས་དང་འགྲོ་འདུག་ལ་བལྟ་ཞིང་། ཡང་སུས་ཁོ་དེ་རུ་མཐོང་བ་དེ་རྟོགས་པར་གྱིས། གང་ལ་ཞེ་ན། ཁོ་རང་གཡོ་སྒྱུ་ཅན་ཞིག་ཡིན་པ་ངས་ཐོས་ཏེ། 23 དེའི་ཕྱིར་ཁོ་རང་སྔར་ཡིབ་ས་ཐམས་ཅད་ལ་གསལ་པོར་ལྟོས་ལ་རྟོགས་པར་གྱིས། དེ་ནས་ཕྱིར་ཤོག་ལ་ངེས་ཐག་ཆོད་པའི་འཕྲིན་བདག་ལ་ཤོད་ཅིག དེ་ནས་ང་རང་ཁྱོད་ཅག་དང་མཉམ་དུ་འགྲོ་བ་དང་། གལ་ཏེ་ཁོ་རང་ད་དུང་ཡུལ་དེ་རུ་ཡོད་ན། ངས་ཁོ་ཡ་ཧུ་དཱ་པ་ཐམས་ཅད་ཀྱི་ནང་ནས་འཚོལ་བར་བྱ་ཞེས་སྨྲས། 24 དེ་ནས་དེ་དག་ལངས་ནས་ཟིབ་ཡུལ་དུ་སོ་ལོ་མ་སོང་སྔོན་ལ་ཆས་ཤིང་། དཱ་བིད་སོགས་མཱ་ཨོན་བྱ་བའི་བྱེ་ཐང་སྟེ་ཡེ་ཤི་མོན་ལྷོ་ཕྱོགས་ཀྱི་ཨ་ར་པཱ་ཞེས་པའི་ས་ཆར་གནས་པ་རེད། 25 སོ་ལོ་དང་དེའི་མི་རྣམས་ཁོ་བཙལ་བར་ཕྱིན་པ་ན། དཱ་བིད་ཀྱིས་ཐོས་པས་ཁོ་བྲག་རྡོ་དེ་རུ་མར་སོང་བ་དང་མཱ་ཨོན་གྱི་བྱེ་ཐང་ལ་གནས་ཤིང་། སོ་ལོས་གཏམ་དེ་ཐོས་ནས་མཱ་ཨོན་གྱི་ཐང་དུ་དཱ་བིད་ཀྱི་རྗེས་དེད་དོ། ། 26 དེ་ནས་སོ་ལོ་རིའི་ཚུར་ཕྱོགས་སུ་འགྲོ་བའི་ཚེ། དཱ་བིད་དང་དེའི་མི་རྣམས་རིའི་ཕར་ཕྱོགས་སུ་ཡོད་ཅིང་། དཱ་བིད་འབྲོ་བར་བརྩོན་པ་བྱས་ཀྱང་། སོ་ལོ་དང་དེའི་དམག་དཔུང་གིས་དཱ་བིད་དང་དེའི་མི་རྣམས་ཡོངས་སུ་བསྐོར། 27 དེ་ནས་སོ་ལོའི་དྲུང་དུ་བང་ཆེན་ཞིག་འོངས་ནས་དེ་ལ། ཁྱེད་མྱུར་ཏུ་ཕེབས་ཤོག ཕེ་ལེ་ཤེད་པ་རྣམས་ཀྱིས་ཚུར་རྒོལ་བྱས་བྱུང་ཞེས་འཕྲིན་ཞུས་པས། 28 སོ་ལོ་ནི་དཱ་བིད་ཀྱི་རྗེས་མ་དེད་པར་ཕྱིར་ལོག་སྟེ་ཕེ་ལེ་ཤེད་པའི་གདོང་བསུས་ནས་འཐབ། དེའི་ཕྱིར་བྲག་རྡོ་དེའི་མིང་ལ་ཐར་པའི་བྲག་ཅེས་བཏགས། 29 ཡང་དཱ་བིད་གནས་དེ་ནས་ཐོན་ཏེ་ཨེན་གེ་དི་ཞེས་པའི་བཙན་རྫོང་རྣམས་ལ་གནས་སོ། །