ལེའུ་བཞི་པ།
མཆོད་ཁང་ནང་གི་ཡོ་བྱད།
གཞན་ཡང་སོ་ལོ་མོན་གྱིས་རིང་ཚད་དང་ཞེང་ལ་ཁྲུ་ཉི་ཤུ་ཡོད་པ་དང་། མཐོ་ཚད་ལ་ཁྲུ་བཅུ་ཡོད་པའི་ལི་ཡི་མཆོད་ཁྲི་ཞིག་བཟོས་པ་དང་། ཡང་ལི་ཡི་རྒྱ་མཚོ་བླུགས་མ་ཞིག་བཟོས་པ་སྟེ། དབྱིབས་ནི་ཟླུམ་པོ་ཡིན་ཞིང་ཚངས་ཐིག་ལ་ཁྲུ་བཅུ་ཡོད་པ་དང་། མཐོ་ཚད་ལ་ཁྲུ་ལྔ་ཡོད་ལ། སྒོར་མཐའ་ནི་ཁྲུ་སུམ་ཅུ་ཡིན་པའོ། ། ལི་ཡི་རྒྱ་མཚོ་བླུགས་མའི་འོག་གི་ཕྱོགས་བཞི་རུ་གླང་*འདིར་གླང་ཞེས་པར་འགྱུར་ལ་ལར་ཀུ་བ་ཞེས་མཐོང་།གི་གཟུགས་བརྙན་ལྟ་བུའི་རྒྱན་རིས་ཁྲུ་བཅུ་ཅན་ཡོད་དེ། གླང་བླུགས་མ་དེས་རྒྱ་མཚོ་བསྐོར་ནས་ཡོད་པ་དང་། གླང་རྣམས་གྲལ་གཉིས་སུ་བགོས་ཤིང་རྒྱ་མཚོ་དང་མཉམ་དུ་བླུགས་པ་ཡིན། ལི་ཡི་རྒྱ་མཚོ་དེ་ནི་གླང་བཅུ་གཉིས་ཀྱི་ཐོག་ཏུ་བཀལ་ཏེ། གླང་གསུམ་ནི་བྱང་ཕྱོགས་དང་། གླང་གསུམ་ནི་ནུབ་ཕྱོགས་དང་། གླང་གསུམ་ནི་ལྷོ་ཕྱོགས་དང་། གླང་གསུམ་ནི་ཤར་ཕྱོགས་སུ་འཁོར་ཡོད་དེ། དེ་དག་གི་སྟེང་དུ་རྒྱ་མཚོ་བཀལ་ཞིང་། དེ་དག་གི་ཁོག་སྨད་ནང་དུ་གཏད་ཡོད། ལི་ཡི་རྒྱ་མཚོ་བླུགས་མ་དེའི་སྲབ་མཐུག་ནི་སོར་བཞི་དང་། མཐའ་ནི་ཕོར་བའི་མཐའ་བཞིན་དང་། དབྱིབས་ནི་མེ་ཏོག་ཀུ་མུད་ལྟར་བཟོས་ཤིང་། དེའི་ནང་དུ་ཆུ་བེན་སུམ་སྟོང་ཆུད་པ་ཡིན་ནོ། ། ཡང་ཁོང་གིས་ཁྲུས་གཞོང་བཅུ་བཟོས་ཏེ། རྫས་རྣམས་བཀྲུ་བར་རྒྱ་མཚོའི་གཡས་ཕྱོགས་སུ་ལྔ་དང་། གཡོན་ཕྱོགས་སུ་ལྔ་བཞག་ཅིང་། སྦྱིན་སྲེག་ཏུ་འབུལ་བའི་མཆོད་རྫས་རྣམས་ཁྲུས་གཞོང་གི་ནང་དུ་བཀྲུ་དགོས་མོད། འོན་ཀྱང་ལི་ཡི་རྒྱ་མཚོ་བླུགས་མ་དེ་ནི་མཆོད་དཔོན་རྣམས་ཀྱིས་འཁྲུད་བྱེད་པའི་ཕྱིར་བཟོས་པ་ཡིན། ཡང་གཏན་ལ་ཁེལ་བའི་དཔེ་གཟུགས་བཞིན་གསེར་གྱི་སྒྲོན་སྟེགས་བཅུ་བཟོས་ཏེ། མཆོད་ཁང་ནང་དུ་ལྔ་ནི་གཡས་ཕྱོགས་དང་། ལྔ་ནི་གཡོན་ཕྱོགས་སུ་བཞག་པའོ། ། ཡང་སྒྲོག་ཙེ་བཅུ་བཟོས་ཏེ་མཆོད་ཁང་གི་ནང་དུ་ལྔ་ནི་གཡས་ཕྱོགས་དང་། ལྔ་ནི་གཡོན་ཕྱོགས་སུ་བཞག ཡང་གསེར་ཕོར་བརྒྱ་བཟོས། ཡང་མཆོད་དཔོན་གྱི་ཁྱམས་ར་དང་ཁྱམས་ར་ཆེན་པོ། ཁྱམས་ར་ཆེན་པོའི་སྒོ་བཅས་བཟོས་ནས། སྒོ་རྣམས་ལི་ཡིས་བཏུམས། 10 ཡང་ལི་ཡི་རྒྱ་མཚོ་བླུགས་མ་དེ་མཆོད་ཁང་གི་གཡས་ཕྱོགས་ཏེ་ཤར་ལྷོའི་ཕྱོགས་སུ་བཞག 11 ཧུ་རཱམ་གྱིས་ཡང་སླ་ང་དང་མེ་ཁྱེམ། ཕོར་བ་རྣམས་བཟོས་ཏེ། ཁོས་རྒྱལ་པོ་སོ་ལོ་མོན་གྱི་ཕྱིར་དཀོན་མཆོག་གི་མཆོད་ཁང་གི་ལས་ཀ་རྣམས་ཡོངས་སུ་བསྒྲུབས་ཚར་བ་སྟེ། 12 ཀ་བ་གཉིས་དང་དེའི་སྟེང་གི་ཕོར་བའི་དབྱིབས་ཅན་གྱི་ཀ་གཞུ་གཉིས་དང་། ཀ་སྟེང་གི་ཕོར་བའི་དབྱིབས་ཅན་གྱི་ཀ་གཞུ་གཉིས་ཀ་སྒྲིབ་པའི་དྲ་བ་གཉིས་དང་། 13 སེ་འབྲུ་བཞི་བརྒྱ་བཟོས་ནས་དྲ་བ་གཉིས་ཀྱི་སྟེང་དུ་བཞག་ཅིང་། དྲ་བ་རེ་རེའི་སྟེང་དུ་སེ་འབྲུ་གྲལ་གཉིས་རེ་ཡོད་ལ། ཀ་སྟེང་གི་ཕོར་བའི་དབྱིབས་ཅན་གྱི་ཀ་གཞུ་གཉིས་ཀ་བསྒྲིབས་པའོ། ། 14 ཡང་སྟེགས་བུ་དང་སྟེགས་བུ་སྟེང་གི་ཁྲུས་གཞོང་དང་། 15 དེ་མིན་ལི་ཡི་རྒྱ་མཚོ་བླུགས་མ་ཞིག་དང་དེའི་འོག་གི་ལི་ཡི་གླང་བཅུ་གཉིས་དང་། 16 སླ་ང་དང་མེ་ཁྱེམ། ཤ་འཛིན་བཅས་འབྲེལ་ཡོད་ཀྱི་ཡོ་བྱད་ཐམས་ཅད་བཟོས་པ་རེད། ཧུ་རཱམ་ཨ་བེ་ཡིས་རྒྱལ་པོ་སོ་ལོ་མོན་ལ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ཆེད་དུ་བཟོས་པའི་ཡོ་བྱད་ཐམས་ཅད་འོད་འཚེར་བའི་ལི་ཡིས་བྱས་སོ། ། 17 རྒྱལ་པོས་དེ་རྣམས་ཡོར་དན་གྱི་བདེ་ཐང་དུ་སོའུ་ཀོད་དང་ཙེ་རེ་དཱའི་བར་ལ་རྫ་ཀོང་ནང་དུ་བླུགས་པ་ཡིན། 18 སོ་ལོ་མོན་གྱིས་བཟོས་པའི་ཡོ་བྱད་དེ་ཐམས་ཅད་ནི་དཔག་ཏུ་མེད་ཅིང་། ལི་ཡི་ལྗིད་ཚད་ནི་བརྗོད་ཀྱིས་མི་ལང་བ་ཞིག་ཡིན། 19 སོ་ལོ་མོན་གྱིས་ཡང་དཀོན་མཆོག་གི་མཆོད་ཁང་ནང་གི་ཡོ་བྱད་ཐམས་ཅད་བཟོས་པ་སྟེ། གསེར་གྱི་མཆོད་ཁྲི་དང་། སྤྱན་བསྟར་བག་ལེབ་བཤམ་སའི་སྒྲོག་ཙེ་དང་། 20 གསེར་བཙོ་མས་བཟོས་པའི་སྒྲོན་སྟེགས་དང་སྒྲོན་མེ་རྣམས་ནི་སྒྲིག་སྲོལ་བཞིན་མཆོད་ཁང་སྦུག་མའི་སྒོ་མདུན་དུ་སྒྲོན་པ་ཡིན། 21 དེ་མིན་གང་བུ་དང་སྒྲོན་མེ། སྐམ་ཆུང་བཅས་ནི་གསེར་བཙོ་མས་བཟོས། 22 སྐམ་པ་དང་གཞོང་བ། སྡེར་མ། མེ་ཕོར་བཅས་ཀྱང་གསེར་བཙོ་མས་བཟོས་ཤིང་། མཆོད་ཁང་གི་སྒོ་སྟེ་གནས་དམ་མཆོག་ནང་དུ་འགྲོ་སའི་སྒོ་དང་། ཚོམས་ཆེན་གྱི་སྒོ་རྣམས་ཀྱང་གསེར་གྱིས་བཟོས་པ་ཡིན་ནོ། །

*ལེའུ་བཞི་པ།:3 འདིར་གླང་ཞེས་པར་འགྱུར་ལ་ལར་ཀུ་བ་ཞེས་མཐོང་།