ལེའུ་ཉེར་ལྔ་པ།
ཡ་ཧུ་དཱའི་རྒྱལ་པོ་ཨ་མཱ་ཙི་ཡ།
1 ཨ་མཱ་ཙི་ཡས་རྒྱལ་སྲིད་འཛིན་དུས་ལོ་ཉེར་ལྔ་ཡིན་པ་དང་། ཡེ་རུ་སཱ་ལེམ་དུ་ལོ་ཉེར་དགུའི་རིང་ལ་རྒྱལ་སྲིད་བསྐྱངས། ཁོང་གི་ཡུམ་གྱི་མིང་ལ་ཡེ་ཧོ་ཨད་དིན་ཞེས་ཟེར། མོ་ནི་ཡེ་རུ་སཱ་ལེམ་གྱི་མི་ཡིན་ནོ། ། 2 ཁོས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ལེགས་པོ་གང་ཡིན་པ་སྤྱད་ཀྱང་། བློ་གཅིག་སེམས་གཅིག་ནི་མ་ཡིན་ནོ། ། 3 དེས་རྒྱལ་སྲིད་བརྟན་པོར་མཛད་པ་ཙམ་གྱིས། རང་གི་ཡབ་རྒྱལ་པོ་གསོད་མཁན་བློན་འཁོར་རྣམས་བསད་ཀྱང་། 4 དེ་དག་གི་བུ་རྣམས་མ་བསད་དོ། །གང་ལ་ཞེ་ན། དེ་ནི་མོ་ཤེའི་བཀའ་ཁྲིམས་ཀྱི་མདོ་རུ་བཀོད་ཡོད་པའི་དཀོན་མཆོག་ཡ་ཝཱེའི་བཀའ་ནི་འདི་སྐད་དུ། བུ་ཡི་རྐྱེན་གྱིས་ཕ་ནི་གསོད་མི་རུང་ལ། ཕ་ཡི་རྐྱེན་གྱིས་བུ་ཡང་གསོད་མི་རུང་སྟེ། མི་རེ་རེ་རང་རང་གི་སྡིག་ཉེས་རྐྱེན་གྱིས་ཤི་དགོས་ཞེས་གསུངས་པས་སོ། །
ཨེ་དོམ་པ་དང་འཐབ་པ།
5 དེ་ནས་ཨ་མཱ་ཙི་ཡས་ཡ་ཧུ་དཱ་པ་རྣམས་བསྡུས་ཏེ། ཡ་ཧུ་དཱ་དང་པེན་ཡཱ་མེན་པའི་ཁྱིམ་རྒྱུད་བཞིན་དུ་སྟོང་དཔོན་དང་བརྒྱ་དཔོན་རྣམས་བསྐོས་ནས། ལོ་ཉི་ཤུའི་ཡན་རྣམས་ཀྱི་རྩིས་གྲངས་བླངས་པ་དང་། མདུང་དང་ཕུབ་ཐོགས་ཏེ་དམག་ལ་འགྲོ་ཐུབ་པའི་སྐྱེས་པ་ཁྲི་སུམ་ཅུ་ཡོད། 6 ཡང་དངུལ་གྱི་རྡོ་ཚད་བརྒྱ་སྤྲད་དེ། ཡེས་ར་ཨེལ་གྱི་ནང་ནས་དམག་མི་དཔའ་རྩལ་ཅན་ཁྲི་བཅུ་གླས། 7 དེར་དཀོན་མཆོག་གི་སྐྱེས་བུ་ཞིག་ཨ་མཱ་ཙི་ཡའི་མདུན་དུ་འོངས་ནས་འདི་ལྟར། ཀྱེ་རྒྱལ་པོ་ལགས། ཡེས་ར་ཨེལ་གྱི་དམག་དཔུང་ཁྱོད་དང་མཉམ་དུ་མ་ཁྲིད་ཅིག ཅིའི་ཕྱིར་ཞེ་ན། དཀོན་མཆོག་ཡ་ཝཱེ་ནི་ཡེས་ར་ཨེལ་པ་ཨེ་ཕཱར་ཡིམ་གྱི་བུ་རྒྱུད་རྣམས་དང་མཉམ་དུ་མི་བཞུགས། 8 ཇི་སྟེ་ཁྱོད་ཅིས་ཀྱང་འགྲོ་དགོས་ན། སོང་ནས་དཔའ་ངར་བསྐྱེད་དེ་འཐབ་ན་ཡང་དཀོན་མཆོག་གིས་ཁྱོད་ནི་ཕ་རོལ་པོའི་མདུན་དུ་ཕམ་པར་མཛད་ངེས། གང་ལ་ཞེ་ན། དཀོན་མཆོག་ལ་སྐྱབས་མཛད་པའི་དབང་ཡོད་ལ། ཕམ་པར་མཛད་པའི་དབང་ཡང་ཡོད་ཅེས་བསྒོས་པ་དང་། 9 ཨ་མཱ་ཙི་ཡས་དཀོན་མཆོག་གི་སྐྱེས་བུ་ལ་ལན་དྲིས་ཏེ་ན་རེ། ངས་ཡེས་ར་ཨེལ་གྱི་དམག་དཔུང་དེ་ལ་སྤྲད་པའི་དངུལ་རྡོ་ཚད་བརྒྱ་ཡི་ཕྱིར་ངེད་ཅག་གིས་ཅི་བྱའམ་ཞེས་པ་ལ། ལན་དུ་དཀོན་མཆོག་གི་སྐྱེས་བུ་ན་རེ། དཀོན་མཆོག་ཡ་ཝཱེས་འདི་ལས་མང་པོ་ཁྱོད་ལ་གནང་ངེས་ཡིན་ཞེས་སྨྲས་སོ། ། 10 དེ་ནས་ཨ་མཱ་ཙི་ཡ་ཡིས་ཨེ་ཕཱར་ཡིམ་ནས་འོངས་པའི་དམག་རྣམས་བཏང་ནས་རང་རང་གི་ཡུལ་ལ་ལོག་ཏུ་བཅུག་པས། དེ་རྣམས་ཡ་ཧུ་དཱ་པར་རབ་ཏུ་ཁྲོས་ནས་ཁོང་ཁྲོ་ཆེན་པོ་དང་བཅས་རང་ཡུལ་དུ་ལོག་གོ ། 11 དེ་ནས་ཨ་མཱ་ཙི་ཡས་སྤོབས་པ་བསྐྱེད་དེ་རང་གི་མི་རྣམས་ཁྲིད་དེ་ཚྭའི་ལུང་པ་རུ་ཕྱིན་ནས། སེ་ཨིར་པ་ཁྲི་གཅིག་བསད་པ་དང་། 12 ཡ་ཧུ་དཱ་པ་རྣམས་ཀྱིས་མི་ཁྲི་གཅིག་གསོན་པོར་བཟུང་སྟེ། བྲག་ཁར་ཁྲིད་ནས་དེ་རུ་གཡང་ལ་འཕངས་པ་ན། དེ་དག་ཐམས་ཅད་གས་པ་རེད། 13 ཡིན་ཡང་ཨ་མཱ་ཙི་ཡས་རང་དང་མཉམ་དུ་དམག་ལ་འགྲོ་རུ་མ་བཅུག་པར་ཕྱིར་བཟློགས་པའི་དམག་མི་དེ་རྣམས། སཱ་མར་ཡ་ནས་པེད་ཧོ་རོན་གྱི་བར་དུ་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ལ་བཙན་འཛུལ་གྱིས། དེ་དག་གི་མི་སུམ་སྟོང་བསད་ནས་བཅོམ་ནོར་མང་པོ་ཕྲོགས། 14 དེ་ནས་ཨ་མཱ་ཙི་ཡས་ཨེ་དོམ་པ་རྣམས་བསད་དེ་ཕྱིར་ལོག་པའི་དུས་སུ། སེ་ཨིར་པའི་སྐུ་འདྲ་རྣམས་ཁྱེར་འོངས་ནས། དེ་རྣམས་རང་གི་ལྷ་རུ་བྱས་ཤིང་བསླངས་ཏེ། དེའི་མདུན་དུ་ཕྱག་བཙལ་ནས་སྤོས་བདུགས་པས། 15 ཨ་མཱ་ཙི་ཡའི་ཐོག་ཏུ་དཀོན་མཆོག་ཡ་ཝཱེ་ཐུགས་རབ་ཏུ་ཁྲོས་ནས། ཁོང་གིས་དེའི་མདུན་དུ་ལུང་སྟོན་པ་ཞིག་བཏང་ནས་དེ་ལ་ན་རེ། རང་གི་མི་རྣམས་ཀྱང་ཁྱོད་ཀྱི་ལག་ནས་སྐྱོབ་མི་ནུས་པའི་ལྷ་རྣམས་ཀྱི་རྗེས་སུ་ཁྱོད་ཅི་ལ་འབྲངས་པ་ཡིན་ནམ་ཞེས་སྨྲས་ཤིང་། 16 དེ་བཞིན་གཏམ་སྨྲ་བའི་དུས་སུ་རྒྱལ་པོས་ཁོ་ལ་ན་རེ། ང་ཚོས་ཁྱོད་ནི་རྒྱལ་པོའི་གྲོས་མིར་བསྐོས་པ་ཡིན་ནམ། ཁ་རོག་སྡོད་ཅིག གཅར་རྡུང་མྱང་འདོད་པ་ཡིན་ནམ་ཞེས་སྨྲས་པས། ལུང་སྟོན་པ་དེས་གླེང་མཚམས་བཞག་ནས་ཡང་ན་རེ། ཁྱོད་ཀྱིས་དེ་བཞིན་བྱས་ནས་ངའི་གཏམ་ལའང་མ་མཉན་པས། དཀོན་མཆོག་གིས་ཁྱོད་གསོད་པའི་ཐུགས་ཐག་བཅད་པ་ངས་ཤེས་པ་ཡིན་ཞེས་གསུངས།
ཡེས་ར་ཨེལ་དང་འཐབ་པ།
17 དེ་ནས་ཡ་ཧུ་དཱའི་རྒྱལ་པོ་ཨ་མཱ་ཙི་ཡས་བློན་པོ་རྣམས་དང་གྲོས་བྱས་ཏེ། ཡེ་ཧུའི་ཚ་བོའམ། ཡེ་ཧོ་ཨ་ཧ་སི་ཡི་སྲས་ཏེ་ཡེས་ར་ཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨ་སིའི་རྩར་བང་ཆེན་བཏང་སྟེ་ན་རེ། ཚུར་ཤོག་དང་། འུ་གཉིས་གཡུལ་ངོར་ཐུག་པར་བྱ་ཞེས་སྨྲས་པ་ལ། 18 ཡེས་ར་ཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨ་སི་ཡིས་ཡ་ཧུ་དཱའི་རྒྱལ་པོ་ཨ་མཱ་ཙི་ཡ་ལ་འཕྲིན་ལན་སྤྲིངས་ཏེ་ན་རེ། ལེ་པཱ་ནོན་གྱི་ཚེར་སྡོང་གིས་ལེ་པཱ་ནོན་གྱི་ཐང་ཤིང་ལ། ཁྱོད་ཀྱི་བུ་མོ་དེ་ངའི་བུ་ལ་མནའ་མར་ཐོངས་ཤིག་ཅེས་འཕྲིན་བསྐུར་ཞིང་། ཕྱིས་སུ་ལེ་པཱ་ནོན་དུ་ཡོད་པའི་རི་དྭགས་ཤིག་ཚེར་སྡོང་གི་སྟེང་དུ་འགྲུལ་ནས་དེ་རྐང་པས་བརྫིས་སོ། ། 19 ཁྱོད་ཀྱིས་ལྟོས་དང་ངས་ཨེ་དོམ་པ་རྣམས་ཕམ་པར་བྱས་སྨྲ་ཞིང་། ཁྱོད་ཀྱི་སེམས་ལ་ང་རྒྱལ་གྱིས་ཁེངས་ཏེ་རང་བསྟོད་བྱེད་པའོ། །ད་ལྟ་ཁྱོད་ནི་རང་ཁྱིམ་དུ་སྡོད་ཅིག ཆག་སྒོ་བསླངས་ནས་ཁྱོད་དང་མཉམ་དུ་ཡ་ཧུ་དཱ་ཡང་བརླག་པར་བྱེད་དོན་ཅི་ཡིན་ནམ་ཞེས་སྨྲས་ན་ཡང་། 20 ཨ་མཱ་ཙི་ཡས་དེ་ལ་མ་མཉན་པ་རེད། གང་ལ་ཞེ་ན། དེ་ཚོས་ཨེ་དོམ་པའི་ལྷ་རྣམས་བཙལ་བའི་རྐྱེན་གྱིས། དེ་ཚོ་ཕ་རོལ་པོའི་ལག་ཏུ་གཏད་པའི་དོན་འདི་དཀོན་མཆོག་ལས་བྱུང་བ་ཡིན། 21 དེ་ནས་ཡེས་ར་ཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨ་སི་ཡར་འོངས་ནས། ཡ་ཧུ་དཱའི་རྒྱལ་པོ་ཨ་མཱ་ཙི་ཡ་དང་ཡ་ཧུ་དཱའི་པེད་ཤེ་མེ་སི་བྱ་བར་གཡུལ་ངོར་ཕྲད་པ་དང་། 22 ཡ་ཧུ་དཱ་པ་རྣམས་ཡེས་ར་ཨེལ་པའི་མདུན་དུ་ཕམ་པར་གྱུར་ནས། ཚང་མ་རང་རང་གི་ཁྱིམ་དུ་བྲོས་སོང་བས། 23 ཡེས་ར་ཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨ་སི་ཡིས་པེད་ཤེ་མེ་སི་རུ་ཡེ་ཧོ་ཨ་ཧཱ་ཟིའི་ཚ་བོའམ། ཡོ་ཨ་སིའི་སྲས་ཨ་མཱ་ཙི་ཡ་བྱ་བ་སྟེ་ཡ་ཧུ་དཱའི་རྒྱལ་པོ་བཟུང་ནས་ཡེ་རུ་སཱ་ལེམ་དུ་ཁྲིད་དེ། ཡང་ཨེ་ཕཱར་ཡིམ་གྱི་རྟ་སྒོ་ཞེས་པ་ནས་གྲུ་ཁའི་རྟ་སྒོ་བར་དུ། ཡེ་རུ་སཱ་ལེམ་གྱི་ལྕགས་རི་ཁྲུ་བཞི་བརྒྱ་བཤིགས་པ་དང་། 24 ཡང་ཨོ་བེད་ཨེ་དོམ་གྱིས་སྲུང་བའི་དཀོན་མཆོག་གི་མཆོད་ཁང་ནང་གི་གསེར་དངུལ་དང་ཡོ་བྱད། དེ་མིན་རྒྱལ་པོའི་ཕོ་བྲང་ནང་གི་གཏེར་རྣམས་ཀྱང་ཁྱེར་ཏེ། མི་མང་པོ་མི་གཏའ་རུ་བཟུང་ནས་སཱ་མར་ཡ་རུ་ལོག་གོ ། 25 ཡེས་ར་ཨེལ་གྱི་རྒྱལ་པོ་ཡེ་ཧོ་ཨ་ཧ་སིའི་སྲས་ཡེ་ཧོ་ཨ་སི་གྲོངས་པའི་རྗེས་སུ། ཡ་ཧུ་དཱའི་རྒྱལ་པོ་ཡོ་ཨ་སིའི་སྲས་ཨ་མཱ་ཙི་ཡ་ཡང་ལོ་བཅོ་ལྔར་བསྡད་པ་དང་། 26 ཨ་མཱ་ཙི་ཡའི་མཛད་རྗེས་གཞན་རྣམས་འགོ་ནས་མཇུག་བར་དུ་ཐམས་ཅད་ཡ་ཧུ་དཱ་དང་ཡེས་ར་ཨེལ་གྱི་རྒྱལ་རབས་ཀྱི་གླེགས་བམ་ནང་དུ་བཀོད་ཡོད་པ་མ་ཡིན་ནམ། 27 ཡང་ཨ་མཱ་ཙི་ཡ་དཀོན་མཆོག་ཡ་ཝཱེ་དང་བྲལ་བའི་རྗེས་སུ། ཡེ་རུ་སཱ་ལེམ་དུ་མི་རྣམས་ཀྱིས་ཁོ་རང་གསོད་པར་བརྩམས་པས་ཁོ་ལཱ་ཀི་སི་རུ་བྲོས་ཀྱང་། དེ་དག་གིས་ཁོའི་རྗེས་སུ་ལཱ་ཀི་སི་ལ་མི་ར་མདར་མངགས་ནས་ཁོ་དེ་རུ་བསད་དོ། ། 28 ཡང་མི་ཞིག་གིས་ཁོའི་བེམ་པོ་རྟ་ལ་བཀལ་ནས་ཕྱིར་ཁྱེར་འོངས་ཏེ། དཱ་བིད་ཀྱི་གྲོང་ཁྱེར་ *མ་ཕྱི་ལས་ཡ་ཧུ་དཱའི་གྲོང་ཁྱེར་ཞེས་མཐོང་།དུ་དེའི་ཕ་མེས་རྣམས་ཀྱི་ཁྲོད་དུ་དུར་ལ་སྦས་སོ། །