ལེའུ་བརྒྱད་པ།
ཡ་ཝཱེས་དཱ་བིད་དགྲ་ལས་རྒྱལ་བར་མཛད་པ།
1 དེའི་རྗེས་སུ་དཱ་བིད་ཀྱིས་ཕེ་ལེ་ཤེད་པ་རྣམས་ལ་འཐབ་ནས་བཏུལ་ཞིང་། ཡང་ཁོང་གིས་མེ་ཐེག་ཨམ་མཱ་ཞེས་བྱ་བའི་གྲོང་ཁྱེར་ཕེ་ལེ་ཤེད་པའི་ལག་ནས་བླངས་ཏེ་དབང་དུ་བཅུག 2 ཡང་མོ་ཨབ་པ་རྣམས་ཕམ་པར་བརྒྱབ་ནས་དེ་རྣམས་ས་རུ་བསྙལ་ཏེ། ཐག་པས་ཚད་ཐིག་བླངས་པ་དང་། ཐག་ཚད་གཉིས་ཡོད་པ་རྣམས་བསད་ཅིང་། ཐག་ཚད་གཅིག་ཡོད་པ་རྣམས་ཚེ་ཐར་དུ་བཏང་། དེ་ནས་མོ་ཨབ་པ་རྣམས་དཱ་བིད་ཀྱི་མངའ་འོག་ཏུ་གྱུར་ཏེ་འབུལ་བ་རྣམས་དྲངས་སོ། ། 3 ཡང་ཙོ་བཱ་ཡི་རྒྱལ་པོ་རེ་ཧོབ་ཀྱི་བུ་ཧ་དད་ཨི་སེར་ཞེས་པ་ཕི་རཱད་གཙང་པོའི་ཕྱོགས་སུ་རང་གི་དབང་ཤུགས་ཕྱིར་ལེན་པར་འགྲོ་བའི་སྐབས་སུ། དཱ་བིད་ཀྱིས་ཁོ་ལ་དམག་བརྒྱབ་པ་དང་། 4 དཱ་བིད་ཀྱིས་དེ་ལས་སྐྱ་དམག་ཆིག་སྟོང་བདུན་བརྒྱ་དང་རྐང་དམག་ཉིས་ཁྲི་བཟུང་ནས། ཤིང་རྟ་བརྒྱ་འཐེན་པའི་རྟ་མ་གཏོགས་ཤིང་རྟ་འཐེན་པའི་རྟ་ཐམས་ཅད་ཀྱི་སུག་རྒྱུས་བཅད་དོ། ། 5 ཡང་དཱ་མེ་སེག་གི་ཨ་རམ་པ་རྣམས་ཙོ་བཱ་ཡི་རྒྱལ་པོ་ཧ་དད་ཨི་སེར་ལ་རོགས་བྱེད་དུ་འོངས་པ་ལ། དཱ་བིད་ཀྱིས་ཨ་རམ་པའི་མི་ཉིས་ཁྲི་ཉིས་སྟོང་བསད་དོ། ། 6 དེ་ནས་དཱ་བིད་ཀྱིས་དཱ་མེ་སེག་གི་ཨ་རམ་ཡུལ་དུ་སྲུང་དམག་བཞག་པ་དང་། ཨ་རམ་པ་རྣམས་དཱ་བིད་ཀྱི་བྲན་དུ་གྱུར་ཏེ་འབུལ་བ་རྣམས་དྲངས་ཤིང་། དཱ་བིད་གང་དུ་སོང་ན་ཡང་དཀོན་མཆོག་ཡ་ཝཱེས་དེ་ལ་རྒྱལ་ཁ་གནང་ངོ་། ། 7 དཱ་བིད་ཀྱིས་ཧ་དད་ཨི་སེར་གྱི་བློན་འཁོར་རྣམས་ལ་ཡོད་པའི་གསེར་གྱི་ཕུབ་ཐམས་ཅད་ཕྲོགས་ནས་ཡེ་རུ་སཱ་ལེམ་དུ་ཁྱེར། 8 ཡང་ཧ་དད་ཨི་སེར་གྱི་གྲོང་ཁྱེར་པེ་ཏཱ་དང་པེ་རོ་ཐ་ཨི་གཉིས་ནས་རྒྱལ་པོ་དཱ་བིད་ཀྱིས་ལི་དཔག་ཏུ་མེད་པ་ཕྲོགས་སོ། ། 9 དེ་ནས་ཧ་མཱད་ཀྱི་རྒྱལ་པོ་ཏོ་ཨི་བྱ་བས་དཱ་བིད་ཀྱིས་ཧ་དད་ཨི་སེར་གྱི་དམག་དཔུང་ཐམས་ཅད་ཕམ་པར་བརྒྱབ་པའི་གཏམ་ཐོས་པ་ཙམ་གྱིས། 10 རང་གི་སྲས་ཡོ་རཱམ་*ཡོ་རཱམ་ཞེས་པར་གནའ་ཡིག་ལ་ལར་ཡེ་ཧོ་རཱམ་ཞེས་བཀོད་འདུགབྱ་བ་དེ་རྒྱལ་པོ་དཱ་བིད་ལ་བདེ་འཚམས་ཞུ་བ་དང་རྟེན་འབྲེལ་ཞུ་བའི་ཆེད་དུ་ཁོང་གི་དྲུང་དུ་མངགས། གང་ལ་ཞེ་ན། ཏོ་ཨི་རྒྱུན་དུ་ཧ་དད་ཨི་སེར་དང་འཐབ་ཅིང་། དཱ་བིད་ཀྱིས་ཧ་དད་ཨི་སེར་ལ་འཐབ་ནས་ཕམ་པར་བརྒྱབ་པས་སོ། །ཡང་ཡོ་རཱམ་གྱི་ལག་ཏུ་དངུལ་གྱི་སྣོད་ཆས་དང་། གསེར་གྱི་སྣོད་ཆས་དང་། ལི་ཡི་སྣོད་ཆས་མང་པོ་ཁྱེར་འོངས་ནས་ཕུལ་ཏོ། ། 11 རྒྱལ་པོ་དཱ་བིད་ཀྱིས་སྣོད་ཆས་དེ་དག་ནི་ཁོང་གིས་བཏུལ་བའི་རྒྱལ་ཁམས་ཐམས་ཅད་ནས་རྙེད་པའི་གསེར་དངུལ་དང་མཉམ་དུ་དམ་པར་བརྩིས་ནས་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བ་སྟེ། 12 དེ་ནི་ཨ་རམ་དང་། མོ་ཨབ་དང་། ཨམ་མོན་པ་དང་། ཕེ་ལེ་ཤེད་པ་དང་། ཨ་མཱད་ལེག་པ་དང་། ཙོ་བཱ་ཡི་རྒྱལ་པོ་རེ་ཧོབ་ཀྱི་བུ་ཧ་དད་ཨི་སེར་བཅས་ནས་བླངས་པའི་བཅོམ་ནོར་ཡིན་ནོ། ། 13 ཡང་དཱ་བིད་ཀྱིས་ཨེ་དོམ་པ་ཆིག་ཁྲི་བརྒྱད་སྟོང་ཚྭའི་ལུང་པར་འགེམས་ནས་ཕྱིར་ལོག་རྗེས་ཁོང་གི་མཚན་སྙན་གྲགས་རྒྱས་པ་རེད། 14 ཡང་དཱ་བིད་ཀྱིས་ཨེ་དོམ་ཡུལ་དུ་སྲུང་དམག་བཞག་སྟེ། ཨེ་དོམ་ཡུལ་ཀུན་ཏུ་སྲུང་དམག་གིས་ཁྱབ་པས། ཨེ་དོམ་པ་རྣམས་དཱ་བིད་ཀྱི་མངའ་འོག་ཏུ་གྱུར། ཡང་དཱ་བིད་ཡུལ་གང་དུ་སོང་ན་ཡང་དཀོན་མཆོག་ཡ་ཝཱེས་ཁོང་ལ་རྒྱལ་ཁ་གནང་ངོ་། ། 15 དཱ་བིད་རྒྱལ་པོར་བཞུགས་ནས་ཡེས་ར་ཨེལ་ཐམས་ཅད་ལ་དབང་བསྒྱུར་ཅིང་། མི་ཐམས་ཅད་ལ་འདྲ་མཉམ་དྲང་གཞག་གི་ལྟ་སྟངས་བཟུང་བ་རེད། 16 དམག་ཚོགས་ཀྱི་འགོ་དཔོན་དུ་ཟེ་རུ་ཡཱ་ཡི་བུ་ཡོ་ཨབ་དང་ལོ་རྒྱུས་འགོད་མཁན་དུ་ཨ་ཧི་ལུད་ཀྱི་བུ་ཡེ་ཧོ་ཤ་ཕད། 17 མཆོད་དཔོན་དུ་ཨ་ཧི་ཏུབ་ཀྱི་བུ་ཟཱ་ཏོག་དང་། ཨབ་ཡཱ་ཐར་གྱི་བུ་ཨ་ཧི་མེ་ལེག་གཉིས་དང་། དྲུང་ཡིག་ཏུ་སེ་རཱ་ཡ་དང་། 18 ཀེ་རེད་པ་དང་ཕེ་ལེད་པ་རྣམས་ཀྱི་འགོ་དཔོན་དུ་ཡེ་ཧོ་ཡ་དཱ་ཡི་བུ་པེ་ནཱ་ཡ་དང་། དཱ་བིད་ཀྱི་སྲས་རྣམས་བཀའ་བློན་ †འདིར་བཀའ་བློན་ཞེས་པར་མ་ཕྱི་ལས་མཆོད་དཔོན་ཞེས་མཐོང་།དུ་བཞག་གོ །
*ལེའུ་བརྒྱད་པ།:10 ཡོ་རཱམ་ཞེས་པར་གནའ་ཡིག་ལ་ལར་ཡེ་ཧོ་རཱམ་ཞེས་བཀོད་འདུག
†ལེའུ་བརྒྱད་པ།:18 འདིར་བཀའ་བློན་ཞེས་པར་མ་ཕྱི་ལས་མཆོད་དཔོན་ཞེས་མཐོང་།