ལེའུ་བཅུ་བདུན་པ།
ཧུ་ཤཱ་ཨི་ཡིས་ཨ་ཧི་ཐོ་ཕེལ་གྱི་ཐབས་ཇུས་ལ་གཏོར་བརླག་བྱས་པ།
1 ཡང་ཨ་ཧི་ཐོ་ཕེལ་གྱིས་ཨབ་ཤཱ་ལོམ་ལ། བདག་ལ་མི་ཆིག་ཁྲི་ཉིས་སྟོང་གདམ་གསེས་བྱེད་པར་གནོངས་ཤིག དོ་དགོང་ལངས་ནས་དཱ་བིད་ཀྱི་ར་མདར་རྒྱུག་པར་བྱ། 2 ཁོ་རང་ཉམ་ཐག་ནས་སྟོབས་ཞན་པའི་དུས་སུ། བདག་ཁོའི་རྗེས་ཆོད་ནས་ཁོ་སྐྲག་པར་བྱ། ཁོ་དང་མཉམ་དུ་ཡོད་པའི་མི་ཐམས་ཅད་འབྲོ་ངེས་ཤིང་། བདག་གིས་རྒྱལ་པོ་འབའ་ཞིག་གསོད་པར་བྱའོ། ། 3 ཡང་བདག་གིས་མི་ཐམས་ཅད་ཁྱེད་ཀྱི་ཕྱོགས་སུ་འགུག་པར་བྱ་སྟེ། ཁྱེད་ཀྱིས་སྙེག་པའི་མི་དེ་ལས་གཞན་ཐམས་ཅད་ཁྱེད་ཕྱོགས་འཁོར་འོང་བའི་དུས་སུ། མི་ཐམས་ཅད་བདེ་ཞིང་འཇགས་པར་འགྱུར་ཞེས་སྨྲས། 4 ཨབ་ཤཱ་ལོམ་དང་ཡེས་ར་ཨེལ་གྱི་རྒན་པོ་རྣམས་གཏམ་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏོ། ། 5 དེ་ནས་ཨབ་ཤཱ་ལོམ་གྱིས། ཨ་རག་པ་ཧུ་ཤཱ་ཨི་ཡང་འདི་རུ་བོས་ཤོག་དང་། དེས་ཅི་ལྟར་སྨྲ་བ་ལ་ཡང་མཉན་པར་བྱ་ཞེས་བཀའ་བསྩལ། 6 དེ་ནས་ཧུ་ཤཱ་ཨི་ཁོང་ཉིད་ཨབ་ཤཱ་ལོམ་གྱི་དྲུང་དུ་འོངས་པའི་ཚེ། ཨབ་ཤཱ་ལོམ་གྱིས་དེ་ལ། ཨ་ཧི་ཐོ་ཕེལ་གྱིས་འདི་ལྟར་སྨྲས་པས། རང་ཅག་གིས་དེའི་གྲོས་བཞིན་དུ་བྱེད་རུང་ངམ་མི་རུང་། ཁྱོད་ཀྱིས་གཏམ་བྱོས་ཤིག་ཅེས་བསྐུལ་བས། 7 ཧུ་ཤཱ་ཨི་ཡིས་ཨབ་ཤཱ་ལོམ་ལ། ད་རེས་ཨ་ཧི་ཐོ་ཕེལ་གྱིས་བཏོན་པའི་བློ་བཀོད་ནི་མི་ལེགས་ཞེས་དང་། 8 ཡང་ཧུ་ཤཱ་ཨི་ན་རེ། ཁྱེད་ཀྱི་ཕ་དང་དེའི་མི་རྣམས་ནི་དཔའ་རྩལ་ཅན་ཡིན་པ་དང་། རི་ཐང་གི་དོམ་ཕྲུག་ཕྲོགས་ནས་ཁྱེར་བའི་དོམ་དང་འདྲ་བར། དེ་དག་གི་སེམས་ནི་ཞེ་སྡང་གིས་ཁེངས་པ་ཁྱེད་ཀྱིས་ཤེས་སོ། །ཡང་ཁྱེད་ཀྱི་ཕ་ནི་དམག་ཅིག་ཡིན་པས་མི་རྣམས་ཀྱི་ཁྲོད་དུ་གནས་མི་སྲིད། 9 གཟིགས་དང་། ཁོ་ནི་ད་ལྟ་ས་ཁུང་ངམ་གནས་གཞན་ཞིག་ཏུ་ཡིབ་ནས་བསྡད་ཡོད་ཀྱང་སྲིད། གལ་ཏེ་བདག་ཅག་ལས་མི་ཞིག་ཐོག་མར་བསད་པ་ཡིན་ན། དེ་ཐོས་མཁན་རྣམས་ཀྱིས། ཨབ་ཤཱ་ལོམ་གྱི་རྗེས་སུ་འབྲངས་པ་རྣམས་འགེམས་སོ་ཞེས་བརྗོད་པར་འགྱུར། 10 ཁྱེད་ཀྱི་ཕ་ནི་དཔའ་བོ་ཡིན་པ་དང་དེ་དང་མཉམ་དུ་ཡོད་པ་རྣམས་ཀྱང་དཔའ་རྩལ་ཅན་ཡིན་པ་ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་ཤེས་པས། སེང་གེ་ལྟ་བུའི་སྙིང་སྟོབས་ཅན་རྣམས་ཀྱི་སེམས་ཀྱང་ཕམ་པར་འགྱུར། 11 དེ་བས་བདག་གི་བྱུས་ལྟར་ན། དཱན་ནས་བཟུང་སྟེ་པེར་ཤ་བཱ་ཡི་བར་དུ། རྒྱ་མཚོའི་འགྲམ་གྱི་བྱེ་མ་བཞིན་མང་བའི་ཡེས་ར་ཨེལ་པ་ཐམས་ཅད་ཁྱེད་ཀྱི་ཕྱོགས་སུ་བསྡུས་ནས། ཁྱེད་ཀྱིས་སྐུ་དངོས་སུ་དེ་རྣམས་ཁྲིད་ནས་འཐབ་མོར་ཞུགས་དགོས། 12 དེ་ལྟར་ཁོ་གང་དུ་སོང་ནའང་། ས་ལ་ཟིལ་བ་འབབ་པ་ལྟར་རང་ཅག་ཁོའི་ཐོག་ཏུ་འབབ་པ་དང་། ཁོ་རང་དང་ཁོའི་མཉམ་དུ་ཡོད་པའི་མི་རྣམས་ལས་གཅིག་ཀྱང་ལུས་པར་མི་འགྱུར། 13 གལ་ཏེ་ཁོ་རང་གྲོང་ཁྱེར་ཞིག་གི་ནང་དུ་ཕྱི་བསྣུར་བྱས་ན། ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་ཐག་པ་ཁུར་ནས་གྲོང་ཁྱེར་དེ་རུ་སོང་སྟེ། རང་ཅག་གིས་གྲོང་ཁྱེར་དེ་གྲོག་མོའི་ནང་དུ་དྲུད་ནས་ཐ་ན་རྡོ་ཕྲུག་གཅིག་ཀྱང་མི་ལུས་པར་བྱེད་ངེས་ཡིན་ཞེས་སྨྲས་པ་ན། 14 ཨབ་ཤཱ་ལོམ་དང་ཡེས་ར་ཨེལ་པ་ཐམས་ཅད་ཀྱིས། ཨ་རག་པ་ཧུ་ཤཱ་ཨི་ཡི་ཐབས་ཇུས་ནི་ཨ་ཧི་ཐོ་ཕེལ་གྱི་ཐབས་ཇུས་ལས་ལྷག་པ་ཡིན་ཞེས་སྨྲས་སོ། །གང་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་ཨབ་ཤཱ་ལོམ་གྱི་སྟེང་དུ་བར་ཆད་འབེབ་པའི་ཕྱིར། ཨ་ཧི་ཐོ་ཕེལ་གྱི་ཐབས་བཟང་དེ་མེད་པར་མཛད་པའི་ཐུགས་ཐག་བཅད་པ་ཡིན་ནོ། །
དཱ་བིད་བྲོས་པ།
15 དེ་ནས་ཧུ་ཤཱ་ཨི་ཡིས་མཆོད་དཔོན་ཟཱ་ཏོག་དང་ཨབ་ཡཱ་ཐར་གཉིས་ལ། ཨ་ཧི་ཐོ་ཕེལ་གྱིས་ཨབ་ཤཱ་ལོམ་དང་ཡེས་ར་ཨེལ་གྱི་རྒན་པོ་རྣམས་ལ་འདི་དང་དེ་བཞིན་གྲོས་བཏབ་པ་དང་། ངས་ཀྱང་འདི་དང་དེ་བཞིན་གྲོས་བཏབ་པ་ཡིན། 16 ད་ལྟ་ཁྱོད་ཅག་གིས་གང་མྱུར་གྱིས་བང་ཆེན་མངགས་ནས་དཱ་བིད་ལ། དོ་དགོང་དབེན་སྟོང་གི་རབ་ཁ་རུ་མི་བཞུགས་པར་ཅི་ནས་ཀྱང་གཙང་པོའི་ཕ་རོལ་ཏུ་བརྒལ་དགོས། དེ་མིན་ཚེ་རྒྱལ་པོ་དང་ཁོང་གི་རྗེས་འབྲང་ཐམས་ཅད་འགེམ་པར་འགྱུར་རོ་ཞུ་དགོས་ཞེས་གདམས་སོ། ། 17 ཡོ་ནཱ་ཐན་དང་ཨ་ཧི་མཱ་ཨ་སི་གཉིས་ཀྱིས་ཨེན་རོ་གེལ་*འདིར་ཨེན་རོ་གེལ་ཞེས་པ་ནི་རོ་གེལ་ཆུ་མིག་ཅེས་པ་ཡིན་ཏེ། ཡེ་རུ་སཱ་ལེམ་གྱི་ཤར་ལྷོའི་མཚམས་སུ་ཡོད་ཅིང་བུད་མེད་རྣམས་ཆུ་ལེན་དུ་འགྲོ་ས་ཡིན། དུ་སྒུག་བསྡད་ཅིང་། གཞན་གྱིས་མཐོང་བར་དོགས་ནས་གྲོང་ཁྱེར་ནང་དུ་འགྲོ་མ་ཕོད་པ་རེད། དེ་ནས་གཡོག་མོ་ཞིག་འོངས་ནས་ཁོ་གཉིས་ལ་གནས་ཚུལ་སྨྲས་པ་ལ། དེ་གཉིས་སོང་སྟེ་རྒྱལ་པོ་དཱ་བིད་ལ་འཕྲིན་བསྐྱལ་ཏོ། ། 18 ཡིན་ཡང་གཞོན་ནུ་ཞིག་གིས་ཁོ་གཉིས་མཐོང་བ་དང་སོང་ནས་ཨབ་ཤཱ་ལོམ་ལ་ཞུས་ཤིང་། ཁོ་གཉིས་མྱུར་དུ་སོང་སྟེ་པཱ་ཧུ་རིམ་དུ་མི་ཞིག་གི་ཁྱིམ་ལ་སླེབས་པ་དང་། ར་སྐོར་ནང་དུ་དོང་ཆུ་ཞིག་ཡོད་པ་དེའི་ནང་དུ་བབས། 19 ཡང་ཁྱིམ་དེའི་བུད་མེད་ཀྱིས་ཁ་གཅོད་ཅིག་བླངས་ནས་དོང་ཆུའི་ཁ་བཅད་པ་དང་། དེའི་ཁར་འབྲུ་རིགས་བརྡལ་བས་དོན་དེ་ཕྱི་རུ་མ་ཤོར་བ་རེད། 20 ཨབ་ཤཱ་ལོམ་གྱི་འཁོར་གཡོག་རྣམས་བུད་མེད་དེའི་ཁྱིམ་དུ་འོངས་ནས། ཨ་ཧི་མཱ་ཨ་སི་དང་ཡོ་ནཱ་ཐན་གཉིས་གང་དུ་ཡོད་དམ་ཞེས་དྲིས་པར། བུད་མེད་ཀྱིས། དེ་གཉིས་ཆུ་བོ་བརྒལ་ཚར་རོ་ཞེས་སྨྲས་ཤིང་། དེ་དག་གིས་ཁོ་གཉིས་བཙལ་ཡང་མ་རྙེད་པས་ཕྱིར་ཡེ་རུ་སཱ་ལེམ་དུ་ལོག་གོ ། 21 དེ་དག་སོང་རྗེས་ཁོ་གཉིས་དོང་ཆུ་ལས་ཡར་འོངས་ནས་སོང་སྟེ་རྒྱལ་པོ་དཱ་བིད་ལ། ཨ་ཧི་ཐོ་ཕེལ་གྱིས་ཁྱེད་ལ་གནོད་བསྐྱལ་བའི་ཐབས་འདི་བཞིན་བྱས་པས། ཁྱེད་རྣམས་གང་མྱུར་གྱིས་ཡར་ལངས་ནས་གཙང་པོ་བརྒལ་དགོས་ཞེས་ཞུས་པ་ལ། 22 དཱ་བིད་དང་ཁོང་གི་རྗེས་འབྲང་ཐམས་ཅད་ཡར་ལངས་ནས་ཡོར་དན་གཙང་པོ་བརྒལ་ཞིང་། ནམ་ལངས་དུས་གཅིག་ཀྱང་མ་ལུས་པར་ཡོར་དན་གཙང་པོ་བརྒལ་བ་རེད། 23 དེ་ནས་ཨ་ཧི་ཐོ་ཕེལ་གྱིས་རང་གི་ཐབས་ཇུས་ལ་མ་བསྟུན་པ་མཐོང་བས། བོང་བུར་སྒ་བསྟད་ནས་རང་གི་གྲོང་ཁྱེར་དུ་ལོག་སྟེ་ཁྱིམ་དུ་སླེབས་ཙ་ན། ཁོས་དེ་རུ་ཁ་ཆེམས་བཞག་ནས་ལྕེབས་པ་དང་། ཁོའི་བེམ་པོ་ནི་ཁོའི་ཕ་ཡི་དུར་དུ་བསྐུངས་སོ། ། 24 དེ་ནས་དཱ་བིད་མཱ་ཧ་ནཱ་ཡིམ་དུ་སླེབས་པ་དང་། ཨབ་ཤཱ་ལོམ་དང་ཁོའི་རྗེས་སུ་འབྲངས་པའི་ཡེས་ར་ཨེལ་པ་ཐམས་ཅད་ཀྱང་ཡོར་དན་གཙང་པོ་བརྒལ་ཏེ་སོང་ངོ་། ། 25 དེར་ཨབ་ཤཱ་ལོམ་གྱིས་ཡོ་ཨབ་ཀྱི་ཚབ་ཏུ་ཨ་མ་སཱ་དམག་དཔོན་དུ་བསྐོས་སོ། །ཨ་མ་སཱ་ནི་ཡེས་ར་ཨེལ་པ་ཡེད་རཱ་བྱ་བའི་བུ་ཡིན་ཏེ། ཡེད་རཱ་ནི་ནཱ་ཧ་སིའི་བུ་མོ་ཨ་བི་གཱ་ཡིལ་བྱ་བར་འགྲོགས་མྱོང་བ་ཡིན། ཨ་བི་གཱ་ཡིལ་ནི་ཡོ་ཨབ་ཀྱི་མ་ཟེ་རུ་ཡཱ་ཡི་མིང་སྲིང་ཡིན་ནོ། ། 26 ཨབ་ཤཱ་ལོམ་དང་ཡེས་ར་ཨེལ་པ་རྣམས་ཀྱིས་གིལ་ཨད་ཡུལ་དུ་སྒར་བཏབ་བོ། ། 27 ཡང་དཱ་བིད་མཱ་ཧ་ནཱ་ཡིམ་དུ་སླེབས་དུས་སུ། ཨམ་མོན་རིགས་ཀྱི་རབ་བཱ་ནས་ཐོན་པའི་ནཱ་ཧ་སིའི་བུ་ཤོ་བི་དང་། ལོ་རྡེ་བཱར་པ་ཨམ་མེ་ཨེལ་གྱི་བུ་མཱ་ཀིར་དང་། རོ་གེ་ལིམ་ནས་ཐོན་པའི་གིལ་ཨད་པ་པཱར་ཟིལ་ལ་ཨི་གསུམ་པོས། 28 མལ་ཆས་དང་གཞོང་པ། རྫ་མ། གྲོ། ནས། བག་ཕྱེ། ཡོས། སྲན་མ། སྲན་དམར། སྲན་ཡོས། 29 སྦྲང་རྩི། མར། ལུག བ་མོའི་འོ་ཕྱུར་བཅས་ཁྱེར་ཡོང་ནས་དཱ་བིད་དང་ཁོང་གི་རྗེས་འབྲང་རྣམས་ཀྱི་ཟས་སུ་དྲངས་ཏེ། དེ་དག་གིས་མི་ཚོགས་ནི་དབེན་སྟོང་དུ་བཀྲེས་སྐོམ་མྱངས་ཤིང་དུབ་པ་ཡིན་ནོ་སྙམ་པས་སོ། །
*ལེའུ་བཅུ་བདུན་པ།:17 འདིར་ཨེན་རོ་གེལ་ཞེས་པ་ནི་རོ་གེལ་ཆུ་མིག་ཅེས་པ་ཡིན་ཏེ། ཡེ་རུ་སཱ་ལེམ་གྱི་ཤར་ལྷོའི་མཚམས་སུ་ཡོད་ཅིང་བུད་མེད་རྣམས་ཆུ་ལེན་དུ་འགྲོ་ས་ཡིན།