ལེའུ་ཉེར་དགུ་པ།
མོ་ཨབ་ནས་ཞལ་ཆད་བསྐྱར་འཛུགས་བྱས་པ།
འདི་དག་ནི་མོ་ཨབ་ཡུལ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་གནང་བའི་ཡེས་ར་ཨེལ་པ་རྣམས་ལ་མཛད་པའི་ཞལ་ཆད་ཀྱི་བཀའ་སྟེ། རི་བོ་ཧོ་རེབ་ནས་ཁོ་རྣམས་ལ་མཛད་པའི་ཞལ་ཆད་ཀྱི་ཕན་ཆོད་ནས་གནང་བ་ཡིན།
མོ་ཤེ་ཡིས་ཡེས་ར་ཨེལ་པ་ཐམས་ཅད་བོས་ནས་དེ་དག་ལ། དཀོན་མཆོག་ཡ་ཝཱེས་ཁྱོད་རྣམས་ཀྱི་མདུན་དུ། ཨེ་ཅིབ་ཡུལ་ནས་ཕཱར་ཨོལ་དང་དེའི་འཁོར་གཡོག་ཐམས་ཅད་དང་། དེའི་ཡུལ་ཀུན་ལ་ཅི་བྱས་པ་དེ་ཁྱོད་ཅག་གིས་དངོས་སུ་མཐོང་ཡོད་དེ། ཁྱོད་རྣམས་ཀྱིས་དངོས་སུ་མཐོང་བའི་ཚོད་བགམ་ཆེན་པོ་དང་། གྲུབ་རྟགས་དང་དོན་ངོ་མཚར་ཅན་དེ་དག་ཡིན་ནོ། ། འོན་ཀྱང་དེ་རིང་ཉིན་མོའི་བར་དུ། དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་རྟོགས་པའི་སེམས་དང་། མཐོང་བའི་མིག་དང་། ཐོས་པའི་རྣ་བཅས་ནི་གནང་མེད། ངས་ཁྱོད་ཅག་ལོ་བཞི་བཅུའི་རིང་ལ་དབེན་སྟོང་ནས་ཁྲིད་པའི་དུས་སུ། ཁྱོད་ཅག་གི་ལུས་ཀྱི་གོས་རྣམས་མ་རལ་ཞིང་། ཁྱོད་ཅག་གི་རྐང་པའི་ལྷམ་ཡང་མ་རྙིང་། ཁྱོད་རྣམས་ཀྱིས་བག་ལེབ་མ་ཟོས་ལ་རྒུན་ཆང་དང་གར་ཆང་ཡང་མ་འཐུངས། དེ་ནི་ཁྱོད་ཅག་གིས་ང་རང་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན་པ་ཤེས་པའི་ཆེད་དུ་ཡིན། ཡང་ཁྱོད་ཅག་གནས་འདིར་སླེབས་པའི་ཚེ། ཧེ་སི་པོན་གྱི་རྒྱལ་པོ་སི་ཧོན་དང་པཱ་ཤན་གྱི་རྒྱལ་པོ་ཨོག་བྱ་བ་གཉིས་རང་ཅག་ལ་གཡུལ་བཤམས་པར་ཚུར་ཐོན་ནའང་། རང་ཅག་གིས་དེ་དག་ཕམ་པར་བརྒྱབ་ཅིང་། དེ་དག་གི་ས་ཆ་བླངས་ཏེ་རུ་བེན་པ་དང་། གཱ་རྡུ་པ་དང་། མཱ་ན་ཤེའི་ཚོ་པ་ཕྱེད་ཀ་བཅས་ལ་ས་སྐལ་དུ་བགོས། དེ་བས་ཁྱོད་ཅག་གིས་སྒྲུབ་པའི་ལས་ཐམས་ཅད་ལེགས་འགྲུབ་འོང་བའི་ཆེད་དུ། ཞལ་ཆད་འདིའི་བཀའ་གསུང་བསྲུངས་ནས་དེ་ཇི་བཞིན་བསྒྲུབ་དགོས་སོ། །
10 དེ་རིང་ཁྱོད་ཅག་ཀུན་པོ་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ལངས་སྡོད་པ་སྟེ། ཁྱོད་ཅག་གི་འགོ་དཔོན་དང་ཚོ་དཔོན་དང་། རྒན་པོ་དང་། དཔོན་རིགས་དང་། ཡེས་ར་ཨེལ་གྱི་སྐྱེས་པ་བཅས་ཐམས་ཅད་དང་། 11 ཁྱོད་ཅག་གི་བུ་ཕྲུག་དང་ཆུང་མ་དང་། སྒར་ཁའི་བྱེས་པ་སྟེ་ཤིང་གཏུབ་མཁན་ནས་ཆུ་ལེན་མཁན་གྱི་བར་དུ། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ལངས་བསྡད་ཡོད་ལ། 12 ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་དེ་རིང་ཁྱོད་རྣམས་ལ་མཛད་པའི་ཞལ་ཆད་དང་། ཁོང་གིས་ཁྱོད་རྣམས་ལ་མཛད་པའི་དམ་བཅའ་ལ་འཇུག་པ་ཡིན། 13 དེ་ནས་ཁོང་གིས་སྔར་ཁྱོད་རྣམས་ལ་ཇི་ལྟར་གསུངས་པ་དང་། ཁྱོད་ཅག་གི་ཕ་མེས་ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་བཅས་ལ་ཇི་ལྟར་མནའ་བཞེས་པ་ནང་བཞིན། ཁོང་གིས་དེ་རིང་ཁྱོད་ཅག་ནི་ཁོང་གི་འབངས་མི་རུ་གཏན་ལ་འབེབ་པ་དང་། ཁོང་ཁྱོད་རྣམས་ཀྱི་དཀོན་མཆོག་ཡིན་པ་བསྟན་ཆོག་གོ ། 14 ངས་ཁྱོད་རྣམས་འབའ་ཞིག་ལ་ཞལ་ཆད་འདི་བཞག་ནས་མནའ་འདི་བསྐྱལ་བ་མིན་ཏེ། 15 དེ་རིང་བདག་ཅག་དང་མཉམ་དུ་རང་རེའི་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ལངས་སྡོད་པའི་མི་རྣམས་དང་། དེ་རིང་འདི་རུ་རང་ཅག་དང་ལྷན་དུ་མེད་པའི་མི་ཀུན་གྱི་ཆེད་དུ་ཡིན་ནོ། །
16 རང་ཅག་ཨེ་ཅིབ་ཡུལ་ནས་ཇི་ལྟར་བསྡད་པ་དང་། ང་ཚོ་མི་རིགས་རྣམས་བརྒྱུད་ནས་ཇི་ལྟར་ཐོན་པ་ཁྱོད་རྣམས་ལ་གསལ་ལོ། ། 17 དེ་དག་གི་སྐྱུག་བྲོ་བའི་རྫས་དང་། ཁོ་ཚོའི་ཁྲོད་དུ་ཡོད་པའི་ཤིང་དང་རྡོ་དང་གསེར་དངུལ་སོགས་ཀྱི་སྐུ་འདྲ་རྣམས་ཁྱོད་ཅག་གིས་མཐོང་ཡོད། 18 དེ་བས་ཁྱོད་ཅག་གི་ཁྲོད་དུ་སྐྱེས་པ་དང་ཡང་ན་བུད་མེད། ཁྱིམ་རྒྱུད་དང་ཡང་ན་ཚོ་པ་གང་ཡིན་ཡང་། དེ་རིང་ང་ཚོའི་དཀོན་མཆོག་ཡ་ཝཱེ་སྤངས་ཏེ། མི་རིགས་དེ་དག་གི་ལྷ་རྣམས་ལ་བསྙེན་བཀུར་བྱེད་མཁན་དང་། ཁྱོད་ཅག་གི་ཁྲོད་དུ་དུག་གི་རྩ་བ་རྒྱས་ནས་དུག་རྩྭ་དང་མཁན་པའི་ཁ་ཏིག་བསྐྱེད་པ་ཡོད་མེད་ལ་བརྟག་དགོས། 19 མི་ཞིག་གིས་དམ་བཅའ་འདི་དག་ཐོས་ཚེ། རང་སེམས་ནས་ཁ་ཕོ་བསྒྲགས་ཏེ། ང་ནི་རང་སེམས་གྱོང་པོའི་རྗེས་སུ་འབྲངས་ནའང་ང་ལ་ཞི་བདེ་ཡོད་བསམ་པ་དེས་མི་བཟང་ངན་གཉིས་ཀ་བརླག་པར་བྱའོ *འདིར་མི་བཟང་ངན་གཉིས་ཀ་བརླག་པར་བྱའོ་ཞེས་པར་མ་ཕྱི་ལས་ས་ཞིང་རླན་གཤེར་ཅན་དང་ཐན་སྐྱོན་ཅན་གཉིས་ཀ་ཡལ་བར་བྱའོ་ཞེས་མཐོང་།། ། 20 དེ་ལ་དཀོན་མཆོག་ཡ་ཝཱེས་དགོངས་ཡངས་མི་གནང་བར་མ་ཟད། དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་དང་འཁུར་ཞེན་ནི་མི་དེའི་སྟེང་དུ་འབབ་ཅིང་། གླེགས་བམ་འདིར་བཀོད་པའི་དམོད་པ་ཐམས་ཅད་ཁོ་ལ་འབྱུང་། དཀོན་མཆོག་ཡ་ཝཱེས་མི་དེའི་མིང་ནི་གནམ་འོག་ནས་གསུབ་པར་འགྱུར། 21 བཀའ་ཁྲིམས་ཀྱི་གླེགས་བམ་འདིར་བཀོད་པའི་ཞལ་ཆད་ཀྱི་དམ་བཅའ་ཡོད་ཚད་ལྟར། དཀོན་མཆོག་ཡ་ཝཱེས་མི་དེ་ཡེས་ར་ཨེལ་གྱི་ཚོ་པ་ཁག་ནས་ལོགས་སུ་བཀར་ཏེ་གོད་ཆག་ཐེབས་པར་མཛད་ངེས་སོ། །
22 དེ་ཡང་མི་རབས་ཕྱི་མ་སྟེ་ཁྱོད་ཅག་གི་རྗེས་སུ་འབྱུང་བའི་བུ་རབས་ཚ་རྒྱུད་རྣམས་དང་། རྒྱང་རིང་ནས་སླེབས་པའི་ཕྱི་མི་ཚོས་ཡུལ་དེའི་ཆག་སྒོ་དང་དཀོན་མཆོག་ཡ་ཝཱེས་ཡུལ་དེར་ཕབ་པའི་ནད་ཡམས་རྣམས་མཐོང་ཞིང་། 23 ཡང་དཀོན་མཆོག་ཡ་ཝཱེ་ཐུགས་ཤིན་ཏུ་ཁྲོས་ཏེ་གཏུམ་པར་གྱུར་ནས་སཱ་དོམ་དང་གཱ་མོ་ར་དང་། ཨད་མཱ་དང་ཚཱ་བོ་ཡིམ་བཅས་རྩ་མེད་མཛད་པ་ནང་བཞིན། གང་སར་མུ་ཟི་དང་ཚྭ་སྙིགས་དང་། མེ་ཕུང་བཅས་ཡོད་པ་དང་། སོན་འདེབས་མི་ནུས་པ་དང་། ལོ་ཏོག་མི་སྐྱེ་བ་དང་། རྩྭ་རྐང་གཅིག་ཀྱང་མི་སྐྱེ་བ་བཅས་མཐོང་ན། 24 དེ་རྣམས་མཐོང་མཁན་དང་མི་རིགས་ཐམས་ཅད་ཀྱིས་དཀོན་མཆོག་ཡ་ཝཱེས་ཡུལ་འདི་ལ་ཅིའི་ཕྱིར་དེ་ལྟར་མཛད་པ་ཡིན་ནམ། ཐུགས་ཁྲོ་ཆེན་པོའི་མེ་དེ་ཅིའི་ཕྱིར་འབར་བ་ཡིན་ནམ་ཞེས་འདྲི་བ་དང་། 25 དེ་ནས་མི་རྣམས་ན་རེ། དེ་དག་གིས་རང་གི་ཕ་མེས་ཀྱི་དཀོན་མཆོག་ཡ་ཝཱེའི་ཞལ་ཆད་དེ། ཁོ་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་ལ་ཁྲིད་འོངས་སྐབས་བཞག་པའི་ཞལ་ཆད་སྤངས་ནས། 26 ལྷ་གཞན་དག་ལ་བསྙེན་བཀུར་བྱེད་དུ་སོང་ཞིང་། ཁོ་ཚོས་ངོ་མི་ཤེས་ལ་སོ་སོར་གནང་བ་མ་ཡིན་པའི་ལྷ་རྣམས་ལ་ཕྱག་བཙལ་བའི་རྐྱེན་གྱིས། 27 དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་ཡུལ་དེའི་སྟེང་དུ་འབར་ནས། གླེགས་བམ་འདིར་བཀོད་པའི་དམོད་པ་ཐམས་ཅད་ཕབ་པ་རེད། 28 དེ་རིང་ནང་བཞིན། དཀོན་མཆོག་ཡ་ཝཱེས་ཐུགས་ཁྲོ་དྲག་པོ་དང་ཁྲོ་གཏུམ་དང་། ཞེ་སྡང་ཆེན་པོ་དང་བཅས་ཁོ་ཚོ་རང་ཡུལ་ནས་རྩ་མེད་བཟོས་ཏེ་ཡུལ་གཞན་དུ་སྤྱུགས་པའོ་ཞེས་བརྗོད་པར་བྱའོ། །
29 སྦས་པའི་དོན་རྣམས་ནི་རང་རེའི་དཀོན་མཆོག་ཡ་ཝཱེ་ལ་གཏོགས་པ་དང་། མངོན་པར་གསལ་བ་འབའ་ཞིག་དུས་གཏན་དུ་རང་ཅག་དང་རང་ཅག་གི་བུ་རྒྱུད་རྣམས་ཀྱི་ཡིན་ཏེ། རང་ཅག་གིས་བཀའ་ཁྲིམས་འདིའི་བཀའ་ཐམས་ཅད་ཇི་བཞིན་དུ་བསྒྲུབ་དགོས་པའོ། །

*ལེའུ་ཉེར་དགུ་པ།:19 འདིར་མི་བཟང་ངན་གཉིས་ཀ་བརླག་པར་བྱའོ་ཞེས་པར་མ་ཕྱི་ལས་ས་ཞིང་རླན་གཤེར་ཅན་དང་ཐན་སྐྱོན་ཅན་གཉིས་ཀ་ཡལ་བར་བྱའོ་ཞེས་མཐོང་།