ལེའུ་བཅུ་དགུ་པ།
ཡེས་ར་ཨེལ་གྱི་རྒྱལ་པོ་རྣམས་ལ་བྲིས་པའི་སྐྱོ་གླུ།
1 ཁྱོད་ཀྱིས་ཡེས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་ཆེད་དུ་སྐྱོ་གླུ་ཞིག་བརྩམས་ནས་འདི་ལྟར། 2 ཁྱོད་ཀྱི་མ་ནི་སུ་ཡིན་ནམ། །སེང་ཁྱུའི་ནང་གི་མོ་སེང་ཡིན། །སེང་གེ་དར་མའི་ཁྱུ་རུ་ཉལ། །རང་གི་སེང་ཕྲུག་བསྐྱངས་པ་འོ། ། 3 སེང་ཕྲུག་རྣམས་ལས་གཅིག་བསྐྱངས་ཏེ། །སེང་གེ་དར་མའི་གྲས་སུ་ཚུད། །བརྔོན་པའི་ཤ་རྣམས་དབྲལ་བ་བསླབ། །མི་རྣམས་ཟ་མཁན་ཞིག་ཏུ་གྱུར། ། 4 མི་རིགས་ཀུན་གྱིས་དེ་ཐོས་ནས། །ཁོ་ཚོའི་ས་དོང་ནང་དུ་བཅུག །ཁོ་ཚོས་དེ་ནི་ལྕགས་ཀྱུ་ཡིས། །ཨེ་ཅིབ་ཡུལ་དུ་ཁྲིད་ཕྱིན་ཏོ། ། 5 མོ་སེང་གིས་ནི་བསྒུགས་བསྒུགས་ཀྱང་། །རང་གི་རེ་བ་ཟད་པས་ན། །སེང་ཕྲུག་རྣམས་ལས་ཡང་གཅིག་བླངས། །སེང་གེ་དར་མ་ཞིག་ཏུ་ཆགས། ། 6 དེ་ནི་སེང་ཁྱུ་ཁྲོད་དུ་རྒྱུ། །སེང་གེ་དར་མ་ཞིག་ཏུ་གྱུར། །དེས་ཀྱང་བརྔོན་ཤ་དབྲལ་བ་བསླབ། །མི་རྣམས་ཟ་མཁན་ཞིག་ཏུ་གྱུར། ། 7 དེ་ཡིས་ཁོ་ཚོའི་མཁར་རྣམས་བཤིགས། །ཁོ་ཚོའི་གྲོང་ཁྱེར་སྟོངས་སུ་བཅུག །ཡང་དེས་བཏོན་པའི་ང་རོ་ཡིས། །ས་གཞི་དང་ནི་དེའི་ནང་དུ། །གནས་པ་ཡོད་དོ་འཇིགས་པར་གྱུར། ། 8 དེ་ནས་ཕྱོགས་བཞིའི་མི་རིགས་ཐམས་ཅད་པོ། །ཡུལ་ཕྱོགས་ཁག་ནས་དེ་ལ་རྒོལ་དུ་འོངས། །ཁོ་ཚོའི་དྲ་རྒྱ་དེ་ཡི་སྟེང་དུ་འཕངས། །དེ་ནི་ཁོ་ཚོའི་ས་དོང་ནང་དུ་བཅུག ། 9 ཁོ་ཚོས་དེ་ནི་ལྕགས་ཁྲའི་ནང་བཅུག་ནས། །ལྕགས་ཀྱུས་པཱ་པེལ་ལོན་གྱི་རྒྱལ་པོའི་དྲུང་། །ཁྱེར་ཏེ་བཙོན་ཁང་ནང་དུ་བཅུག་པ་དང་། །དེ་ཡི་ང་རོ་ཡེས་ར་ཨེལ་གྱི་ནི། །རི་བོ་རྣམས་སུ་སླར་ཡང་ཐོས་མ་གྱུར། །
རྒུན་འབྲུམ་ཤིང་ཕྱུང་བའི་དཔེ།
10 ཁྱོད་ཀྱི་མ་ནི་རྒུན་འབྲུམ་ར་བ་ཡི། །རྒུན་འབྲུམ་ལྗོན་ཤིང་ཞིག་དང་འདྲ་བ་ཡིན། །དེ་ནི་ཆུ་བོའི་འགྲམ་དུ་བཙུགས་ཡོད་ཅིང་། །ཆུ་རྒྱུན་མོད་པས་འབྲས་བུ་རབ་ཏུ་སྨིན། །ཡལ་འདབ་ཀྱང་ནི་ཤིན་ཏུ་རྒྱས་པ་འོ། ། 11 ལྗོན་ཤིང་དེ་ལ་ཡལ་ག་སྦོམ་པོ་ལྡན། །དབང་སྒྱུར་རྣམས་ཀྱི་ཁྲིམས་དབྱུག་བྱས་ཆོག་གོ །ལྗོན་ཤིང་དེ་ནི་ཤིན་ཏུ་མཐོ་བས་ན། །ཡལ་འདབ་རྒྱས་པའི་ལྗོན་ཤིང་གཞན་ལས་མཐོ། །ཤིན་ཏུ་མཐོ་ཞིང་ཡལ་འདབ་རྒྱས་པས་ན། །རྒྱང་རིང་ཡུལ་ནས་མིག་གིས་མཐོང་ཐུབ་བོ། ། 12 ཡིན་ཡང་དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོའི་ཕྱིར། །རྒུན་འབྲུམ་ཤིང་དེ་ཕྱུང་ནས་ས་རུ་གཡུགས། །ཤར་རླུང་གཡུགས་ནས་དེ་ཡི་ཤིང་ཏོག་རྣམས། །སྐམ་དུ་བཅུག་ནས་ས་རུ་གཏོར་བ་དང་། །ཡལ་ག་སྦོམ་པོ་དག་ཀྱང་སྐམ་གྱུར་ནས། །མེ་ཡིས་དེ་རྣམས་ཁྱུར་མིད་བཏང་བ་འོ། ། 13 ད་ལྟ་དེ་ནི་ཆུ་མེད་སྐམ་ས་དང་། །དབེན་སྟོང་ཡུལ་དུ་བཙུགས་པ་ཡིན་ལགས་ཤིང་། ། 14 ཡལ་ག་རྣམས་ཀྱི་གཅིག་ལས་མེ་བྱུང་སྟེ། །དེ་ཡི་ཤིང་འབྲས་ཁྱུར་མིད་བཏང་བ་དང་། །ལྗོན་ཤིང་སྟེང་དུ་ཡལ་ག་སྦོམ་པོ་མེད། །ཅེས་སྨྲོས་ཤིག འདི་ནི་སྐྱོ་གླུ་ཞིག་སྟེ་ཤིན་ཏུ་རྒྱུགས་ཆེ་བའི་སྐྱོ་གླུ་ཞིག་གོ །