ལེའུ་ཞེ་གཉིས་པ།
མཆོད་དཔོན་གྱིས་བཀོལ་བའི་ཁང་པ་རིམ་པ་གསུམ་ཅན།
1 དེས་ང་ཕྱི་རུ་ཁྲིད་ནས་བྱང་ཕྱོགས་ཀྱི་ཁྱམས་ར་ཕྱི་མར་སོང་སྟེ། ང་རང་མཆོད་དཔོན་རྣམས་ཀྱི་ཁང་པར་ཁྲིད་པ་དང་། ཁང་པ་དེ་དག་ཤུར་གཅིག་མཆོད་ཁང་གི་ཁྱམས་རའི་ས་སྟོང་ལ་ཁ་གཏད་ཡོད་པ་དང་། ཤུར་གཅིག་བྱང་ཕྱོགས་ཀྱི་བཟོ་བཀོད་ལ་ཁ་གཏད་ཡོད་པ་ཡིན། 2 ཁང་པ་སྤྱིའི་རིང་ཚད་ལ་ཁྲུ་བརྒྱ་ཡོད་པ་དང་། ཞེང་ལ་ཁྲུ་ལྔ་བཅུ་ཡོད་ལ། བྱང་ཕྱོགས་སུ་འཁོར་བའི་སྒོ་ཡོད་དོ། ། 3 ཁང་པ་དེ་དག་ཤུར་གཅིག་ནི་ནང་གི་ཁྱམས་རའི་ཞེང་ལ་ཁྲུ་ཉི་ཤུ་ཡོད་པའི་ས་སྟོང་དུ་ཁ་གཏད་ཡོད་པ་དང་། ཤུར་གཅིག་ནི་ཁྱམས་ར་ཕྱི་མའི་རྡོ་གཅལ་ལ་ཁ་གཏད་ཡོད་དེ། རིམ་པ་གསུམ་པའི་ཐོག་ཁང་གི་བར་ཁྱམས་ནི་ཕན་ཚུན་ཁ་གཏད་ནས་ཡོད་པ་ཡིན། 4 ཁང་པའི་མདུན་དུ་ནང་གི་འཁྱམ་རར་ལམ་དོག་མོ་ཞིག་ཡོད་པ་ཞེང་ལ་ཁྲུ་བཅུ་དང་། རིང་ཚད་ལ་ཁྲུ་བརྒྱ་ཡོད་པ་དང་། ཁང་པའི་སྒོ་རྣམས་བྱང་ཕྱོགས་སུ་འཁོར་ཡོད། 5 སྟེང་གི་ཁང་པ་རྣམས་ཆེས་དོག་མོ་ཡིན་ཏེ། གང་ལ་ཞེ་ན། སྟེང་གི་ཁང་པའི་བར་ཁྱམས་ཀྱིས་ས་ཟིན་པ་ནི་འོག་གི་རིམ་པ་དང་བར་གྱི་རིམ་པ་ལས་ཆེ་བས་སོ། ། 6 ཁྱམས་ར་ཕྱི་མའི་ཁང་པར་ཀ་བ་ཡོད་པ་བཞིན་དུ། རིམ་པ་གསུམ་པའི་ཁང་པར་ཀ་བ་མེད་པས། སྟེང་གི་ཁང་པ་ནི་འོག་གི་ཁང་པ་དང་བར་གྱི་ཁང་པ་ལས་ཅུང་དོག་གོ ། 7 ཕྱི་རོལ་ཏུ་རྩིག་པ་ཞིག་ཡོད་པ་དེ་ཁང་པའི་མདུན་དུ་ཡོད་དེ། ཁང་པ་དང་ཁྱམས་ར་ཕྱི་མ་གཉིས་དང་དོ་མཉམ་ཡིན་ལ། རིང་ཚད་ལ་ཁྲུ་ལྔ་བཅུ་ཡོད་པ་ཡིན། 8 ཁྱམས་ར་ཕྱི་མའི་ཕྱོགས་སུ་འཁོར་བའི་ཁང་པའི་རིང་ཚད་ལ་ཁྲུ་ལྔ་བཅུ་ཡོད་པ་དང་། མཆོད་ཁང་གི་ཕྱོགས་སུ་འཁོར་བའི་ཁང་པའི་རིང་ཚད་ལ་ཁྲུ་བརྒྱ་ཡོད་དོ། ། 9 རིམ་པ་འོག་མའི་ཁང་པར་ཤར་ཕྱོགས་སུ་འཇུག་སྒོ་ཞིག་ཡོད་དེ། མི་རྣམས་ཁྱམས་ར་ཕྱི་མ་ནས་ཁང་པར་འགྲོ་ཐུབ་བོ། ། 10 ཤར་ཕྱོགས་སུ་ནང་གི་ཁྱམས་རའི་རྩིག་འགྲམ་དུའང་ཁང་པ་ཡོད་དེ། ཤུར་གཅིག་ནི་མཆོད་ཁང་གི་ཁྱམས་རའི་ས་སྟོང་ལ་ཁ་གཏད་ཡོད་པ་དང་། ཤུར་གཅིག་ནི་ལྷོ་ཕྱོགས་ཀྱི་བཟོ་བཀོད་ལ་ཁ་གཏད་ཡོད་པ་ཡིན། 11 ཁང་པ་དེ་དག་གི་མདུན་དུ་ལམ་དོག་མོ་ཞིག་ཡོད་པ་བྱང་ཕྱོགས་ཀྱི་ལམ་དེ་དང་མཚུངས་ལ། རིང་ཚད་དང་ཞེང་ཚད་ཀྱང་མཚུངས་ཏེ། ཐོན་སྒོའང་བྱང་ཕྱོགས་ཀྱི་སྒོ་དེ་དང་གཅིག་ཡིན་ནོ། ། 12 ཡང་ལྷོ་ཕྱོགས་ཀྱི་ཁང་པའི་སྒོ་ཡང་བྱང་ཕྱོགས་ཀྱི་སྒོ་དེ་དང་མཚུངས་ལ། ཤར་གྱི་ལམ་དོག་མོའི་འགོ་སྟེ་རྩིག་པ་དང་ཁ་གཏད་ས་ནས་འཇུག་སྒོ་ཞིག་ཡོད་དོ། ། 13 དེ་ནས་ཁོས་ང་ལ་འདི་ལྟར། མཆོད་ཁང་གི་ཁྱམས་རའི་ས་སྟོང་ལ་འཁོར་ཡོད་པའི་ལྷོ་དང་བྱང་གི་ཁང་པ་རྣམས་ནི་གཙང་མ་ཡིན་ཏེ། དཀོན་མཆོག་ཡ་ཝཱེ་དང་ཉེ་བའི་མཆོད་དཔོན་རྣམས་ཀྱིས་དེར་ཟས་དམ་མཆོག་རྣམས་བཟའ་ཞིང་། གནས་དེར་འབྲུ་མཆོད་དང་། སྡིག་བཤགས་ཀྱི་མཆོད་པ་དང་། ཉེས་སེལ་གྱི་མཆོད་པ་བཅས་ཀྱི་མཆོད་རྫས་ཏེ་རྫས་དམ་མཆོག་རྣམས་འཇོག་པ་ཡིན་ཏེ། གང་ལ་ཞེ་ན། དེ་ནི་གནས་དམ་པ་ཡིན་པས་སོ། ། 14 མཆོད་དཔོན་རྣམས་ནང་དུ་ཕྱིན་ཚེ་གནས་དམ་པ་ནས་ཁྱམས་ར་ཕྱི་མར་འགྲོ་མི་རུང་སྟེ། ཁོ་ཚོས་ཁང་པའི་ནང་དུ་ཞབས་ཏོག་སྒྲུབ་དུས་གྱོན་པའི་གོས་རྣམས་འཇོག་དགོས་ལ། གང་ལ་ཞེ་ན། གྱོན་པ་དེ་དག་ནི་དམ་པ་ཡིན་པས་སོ། །ཁོ་ཚོས་གོས་གཞན་གྱོན་རྗེས་ད་གཟོད་མི་རྣམས་ཡོད་སར་སོང་ཆོག་ཅེས་གསུངས་སོ། །
གནས་མཆོག་དང་གནས་ཕལ་བ་གཉིས་ཀྱི་དབྱེ་མཚམས།
15 དེས་ནང་གི་ཁྱམས་རའི་ཚད་ཐིག་བླངས་ནས་ང་རང་ཤར་སྒོ་ནས་ཕྱི་རུ་ཁྲིད་ཅིང་། ཡང་མཆོད་ཁང་ཧྲིལ་པོའི་ཕྱོགས་བཞིའི་ཚད་ཐིག་བླངས་པའོ། ། 16 དེས་ཚད་ཐིག་ལེན་བྱེད་ཀྱི་ལྕུག་མས་ཤར་ཕྱོགས་ཀྱི་ཚད་ཐིག་བླངས་ཏེ། ཚད་ཐིག་བཞིན་བརྩིས་པར་སྤྱིའི་རིང་ཚད་ལ་ཁྲུ་ལྔ་བརྒྱ་ཡོད་པ་དང་། 17 ཡང་ལྕུག་མས་བྱང་ཕྱོགས་ཀྱི་ཚད་ཐིག་བླངས་ཏེ། ཚད་ཐིག་བཞིན་བརྩིས་པར་སྤྱིའི་རིང་ཚད་ལ་ཁྲུ་ལྔ་བརྒྱ་ཡོད། 18 ཡང་ལྕུག་མས་ལྷོ་ཕྱོགས་ཀྱི་ཚད་ཐིག་བླངས་ཏེ། ཚད་ཐིག་བཞིན་བརྩིས་པར་སྤྱིའི་རིང་ཚད་ལ་ཁྲུ་ལྔ་བརྒྱ་ཡོད། 19 ཡང་དེས་ཕར་སོང་ནས་ལྕུག་མས་ནུབ་ཕྱོགས་ཀྱི་ཚད་ཐིག་བླངས་ཏེ། ཚད་ཐིག་བཞིན་བརྩིས་པར་སྤྱིའི་རིང་ཚད་ལ་ཁྲུ་ལྔ་བརྒྱ་ཡོད། 20 དེ་ལྟར་ཁོས་ཕྱོགས་བཞི་པོའི་ཚད་ཐིག་བླངས་པ་ན། མཆོད་ཁང་གི་རིང་ཚད་ལ་ཁྲུ་ལྔ་བརྒྱ་ཡོད་པ་དང་། ཞེང་ལ་ཁྲུ་ལྔ་བརྒྱ་ཡོད་དེ། ཕྱོགས་བཞིར་མཁར་ཡོད་ཅིང་དེ་ནི་གནས་མཆོག་དང་གནས་ཕལ་བ་གཉིས་ཀ་སོ་སོར་དབྱེ་བའི་ཆེད་དུ་ཡིན་ནོ། །