༄༅།། སྔོན་དུ་འགྲོ་བའི་གཏམ་གཙོ་བོའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།
དང་པོ། སྤྱིར་བཤད་པ།
“དམ་པའི་གསུང་རབ།”ལ། ཞལ་ཆད་རྙིང་པ་དང་ཞལ་ཆད་གསར་པ་ཞེས་གཞུང་ཆེན་པོ་གཉིས་ཡོད། གསར་རྙིང་གི་ཚབ་ཏུ་སྔ་ཕྱི་བྲིས་ཡོད་སའང་མཐོང་། ཞལ་ཆད་རྙིང་པར་གཞུང་མི་འདྲ་བ་༣༩དང་། ཞལ་ཆད་གསར་པར་གཞུང་མི་འདྲ་བ་༢༧ཏེ། བསྡོམས་པས་གཞུང་མི་འདྲ་བ་༦༦ཡོད། ཞལ་ཆད་རྙིང་པ་ཐོག་མར་ཨིབ་རི་པའི་ཡིག་ཐོག་ནས་བྱུང་ཞིང་། ཞལ་ཆད་གསར་པ་ཐོག་མར་གནའ་བོའི་གྷི་རིག་གི་ཡིག་ཐོག་ནས་བྱུང་། རྗེས་སུ་ལཱ་ཏིན་གྱི་ཡི་གེ་སོགས་སུ་རིམ་གྱིས་བསྒྱུར་པ་ཡིན། ད་ལྟ་ཡན་ཆོད་དུ་གཞུང་ཧྲིལ་པོ་དང་གཞུང་བྱེ་བྲག་པ་བསྡོམས་ན་ཡིག་རིགས་མི་འདྲ་བ་༣༣༤༥ལྷག་ལ་བསྒྱུར་ཚར་ཡོད། དམ་པའི་གསུང་རབ་མ་གཏོགས་འཛམ་གླིང་ཡོངས་སུ་འདི་འདྲའི་ལོ་ཙཱ་མང་པོ་བྱས་པའི་གཞུང་གང་ཡང་མེད་པ་དང་། རིག་ཚན་སྣ་ཚོགས་ཀྱི་མཁས་པ་མང་པོས་འདི་ལ་གཞི་རྩ་བྱས་ནས་འཇིག་རྟེན་ལ་ཡིག་རིགས་དང་སྐད་རིགས་ཅི་ཙམ་ཡོད་པ་སོགས་ཤེས་ཐབས་གནང་གི་ཡོད།
ཞལ་ཆད་རྙིང་པར་དཀོན་མཆོག་གིས་འཇིག་རྟེན་ཁམས་དང་མི་སོགས་ཇི་ལྟར་མཛད་ཚུལ་དང་། མིའི་རིགས་དཀོན་མཆོག་གི་བཀའ་དང་ཇི་ལྟར་འགལ་ལུགས། མིའི་རིགས་ལ་འཆི་བ་ཐོན་ཚུལ། མིའི་རིགས་ལ་སྡིག་པ་བྱུང་ཚུལ། ཡང་དཀོན་མཆོག་གིས་མི་རྣམས་ཇི་ལྟར་སྡིག་པ་ནས་བསྐྱབ་རྒྱུ་ཡིན་པ་སོགས་ཏེ། འཇིག་རྟེན་ཡོངས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཞེས་པ་མི་རིགས་གང་དུ་མངག་རྒྱུ་ཡིན་པ་སོགས་ལུང་བསྟན་དུ་གསུངས་ཡོད་པ་རེད། ཞལ་ཆད་གསར་པར་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཡི་རྣམ་ཐར་དང་། ཁོང་གིས་ཆོས་གསུངས་ཚུལ། དད་ལྡན་རྣམས་ཀྱིས་དཀོན་མཆོག་གི་ཆོས་གཞུང་ལས་བསྟན་པ་ལྟར་ལས་གང་དང་གང་བསྒྲུབ་དགོས་ལུགས་དང་། དུས་ཀྱི་མཐའ་མའི་སྐོར་སོགས་ཀྱང་གསུངས་ཡོད་པ་རེད།
གཉིས་པ། བོད་འགྱུར་གསར་མའི་སྐོར།
བོད་དུ་དམ་པའི་གསུང་རབ་ངོ་སྤྲོད་བྱེད་མཁན་སྔ་ཤོས་ནི་འཇར་མན་རྒྱལ་ཁབ་ཀྱི་མིང་ལ་ཅེ་ཞི་ཀེ་(Jaschke)ཞེས་བྱ་བ་སྟེ། ཁོང་ནི“བོད་དབྱིན་ཚིག་མཛོད།”ཀྱི་རྩོམ་པ་པོ་དེ་ཡིན། ཁོང་གིས་དམ་པའི་གསུང་རབ་བོད་ཡིག་ཏུ་བསྒྱུར་འགོ་བཙུགས་པ་དང་། དེ་ནས་ལ་དྭགས་ནས་ཡིན་པའི་དགེ་རྒན་ཚེ་བརྟན་བྱ་བས་ཚར་བར་བསྒྱུར། དམ་པའི་གསུང་རབ་ཧྲིལ་པོའི་བོད་འགྱུར་དང་པོ་ནི༡༩༣༦ལོར་གྲུབ་ཅིང་། ༡༩༤༨ལོར་པར་དུ་བསྐྲུན། དེ་ནས་ད་ལྟའི་བར་བོད་འགྱུར་མི་འདྲ་བ་འགའ་ཙམ་བྱུང་། འགྱུར་དེ་དག་ལའང་ཁྱད་ཆོས་མི་ཉུང་བ་ཡོད་མོད་རྐྱེན་འགའ་རེའི་དབང་གིས་དེ་འདྲའི་དར་ཁྱབ་ཅིག་བྱུང་ཐུབ་མེད།
ད་རེས་ཀྱི་བོད་འགྱུར་གསར་མ་ཞེས་པ་ནི།  དབྱིན་ཡིག་དང་རྒྱ་ཡིག་གི་འགྱུར་ལ་ཞིབ་ཅིང་ཕྲ་བར་བརྟགས་ནས་བོད་སྐད་ཀྱི་རྒྱུན་སྐད་འབའ་ཞིག་རྩལ་འདོན་གྱིས་བསྒྱུར་པ་དང་གཅིག སྔ་འགྱུར་དག་གི་ལེགས་པའི་ཆའང་བླངས་པར་འོས་པ་ཅུང་ཟད་རེ་བླངས་པ་དང་གཉིས། དམ་པའི་གསུང་རབ་ཀྱི་ཕྱི་མོའི་ཡི་གེ་ལ་མཁས་པའི་མཁས་པ་དག་ལ་གཏུགས་ཤིང་དག་པར་བཅོས་པ་དང་གསུམ་བཅས་ཀྱིས།  ཁ་ཡོད་ལག་ཡོད་དུ་ཕན་ཐོགས་ཤིང་ཀློག་རིན་ཡོད་པ་ཞིག་ཏན་ཏན་བྱུང་ཡོད་པ་རེད། འགྱུར་འདིར་ཅིས་ཀྱང་བཀོལ་དགོས་བྱུང་བ་མིན་ཚེ་ལུང་སྐད་དུ་སོང་དྲགས་པའི་རིགས་སྤངས་ཅི་ཐུབ་བྱས་ཡོད་པ་དང་། བདག་སྒྲ་དང་མིང་མཐའི་པ་བ་སོགས་ད་ལྟ་ཡན་ཆོད་དུ་འབྲི་སྟངས་ལ་གཅིག་གྱུར་བྱུང་མེད་རིགས་འདིར་ཡང་ལག་ཏུ་ཡོང་ཕྱོགས་དང་ལྕེ་ལ་བདེ་ཕྱོགས་ལྟར་སྤྱད་ཡོད་པ་ལས་ཕྱོགས་གཅིག་ཁོ་ནར་ཐག་བཅད་པ་སོགས་བྱས་མེད།
སྤྱིར་ལོ་ཙཱ་ལ་ལམ་སྲོལ་ཆེན་པོ་གཉིས་ཡོད་པ་རེད། དེའི་གཅིག་ནི་དོན་སྒྱུར་དང་ཅིག་ཤོས་ནི་ཐད་སྒྱུར་རེད། སྔ་མ་དེ་རྣར་སྙན་ཞིང་ཁར་བདེ་བ་ཞིག་ཡིན་མོད་ཀྱང་མ་ཡིག་གི་བྲོ་བ་དངོས་ཤེས་འདོད་མཁན་དག་གིས་དེ་ཙམ་མཐོང་ཆེན་མི་བྱེད་པ་ཡིན། ཕྱི་མ་ནི་གྱོང་ལ་མཁྲེགས་པ་ཞིག་ཡིན་པས་ཐོག་མར་མི་རྣམས་ཀྱིས་དོ་སྣང་མི་བྱེད་ཀྱང་། ཡུན་གྱིས་ཡུན་གྱིས་བརྡ་འཕྲོད་ལ་མ་འཕྲོད་ཙམ་གྱི་ཚིག་སྤྱིར་བཏང་བ་དག་གི་ཕག་ནས་དོན་སྤྱིར་བཏང་བ་མ་ཡིན་པ་མང་པོ་མཐོང་ཐུབ་པ་ཡིན་པས་མཁས་པ་དག་ཀྱང་དགའ་བའི་དུས་ཤིག་འཆར་བ་ཁོ་ཐག་ཡིན། འགྱུར་གསར་འདིར་དགོས་དབང་གིས་ཡུལ་ཁྱད་པར་ཅན་ལ་གུས་ཚིག་སྦྱར་བ་སོགས་དོན་སྒྱུར་གྱི་ཆ་ཉུང་ཙམ་མཆིས་པ་མ་གཏོགས་གཞུང་བྱིངས་ནི་ཐད་སྒྱུར་རྐྱང་རྐྱང་གི་ལམ་ནས་དྲངས་པ་ཡིན་པས། ཡོངས་སུ་གོ་བར་ནི་བརྟུན་པ་ཅུང་ཟད་ཅིག་མི་བསྐྱེད་ཐུ་མེད་ཡིན། དེ་ལ་སྐད་མང་སྨྲ་བ་མང་པོའི་ཞལ་ནས་འགྱུར་འདི་ཉིད་ཤིན་ཏུ་ཚད་ལྡན་ཡིན་པའི་ཁས་ལེན་ལེགས་པར་ཐོབ་ཀྱང་། ངེད་ཚོ་ནི་མཁས་པའི་དཔལ་འཛོམས་པའི་པ᫽ᨑཏ་རེ་རེ་མ་ཡིན་པས་ཡིག་ནོར་དང་གཏག་ནོར་ཅུང་ཟད་རེ་ངེས་པར་ཤོར་ཡོད་སྲིད་ན། སྔ་རུང་འཕྱི་རུང་དགོངས་དག་ཅེས་ཀྱང་ཞུ་དགོས་ཡོད་དོ།།
མདོར་བསྡུས་ན། འཛམ་གླིང་གི་གྲགས་དེབ་ཨང་དང་པོ་རུ་བརྩི་བའི་དམ་པའི་གསུང་རབ་ཀྱི་གཞུང་ཆ་ཚང་བོད་ཡིག་ཏུ་བསྒྱུར་ཟིན་པ་འདིར་དགོས་པ་ཆེན་པོ་གཉིས་མཆིས་པ་ལས། གཅིག་ནི་ཆོས་ཀྱི་ནང་དོན་གཞན་ལ་གོ་བརྡ་སྤྲོད་པའི་ཕྱོགས་སུ་ཏན་ཏན་ཕན་ཆ་འདུག་ནའང་། ཅིག་ཤོས་ནི་བོད་ཀྱི་སྒྲ་སྒྱུར་གྱི་ལས་ཀར་ཁ་སྐོང་ཆེན་པོ་ཞིག་བྱས་པ་དེའོ།།
ཞེས་༢༠༢༣ ལོའི་ཟླ་༡པའི་ཚེས་༡ཉིན་དམ་པའི་གསུང་རབ་ཀྱི་བོད་འགྱུར་གསར་མའི་རྩོམ་སྒྲིག་སྡེ་ཚན་ནས་གུས་ཕུལ།