ལེའུ་བཞི༌པ།
ཨ་དམ་གྱི་བུ་ཀཱ་ཡན་དང་ཧ་བེལ་གྱི༌སྐོར།
1 དེ་ཡང་ཨ་དམ་རང་གི་ཆུང་མ་ཧ་ཝཱ་དང་ལུས་འབྲེལ་བྱས་ཤིང་ཁོ་མོ་མངལ་དང་ལྡན་པར་གྱུར༌ཏེ། བུ་ཀཱ་ཡན་ཞེས་པ་སྐྱེས་པས་ཁོ་མོ་ན༌རེ། དཀོན་མཆོག་ཡ་ཝཱེ་ *དཀོན་མཆོག་ཡ་ཝཱེ་ཞེས་པ་ནི་མ་ཕྱི་ལས་ཡ་ཝཱེ་ཞེས་ཁོ་ནར་མཐོང་ཞིང་། ཕྱིས་སུ་འབྱུང་བའང་དེ་ལྟར་སྣོན་སྒྱུར་བྱས་པ་ཡིན། ལ་བརྟེན་ནས་བདག་ལ་བུ་ཞིག་ཐོབ་ཅེས་སྨྲས༌སོ།། 2 ཡང་ཁོ་མོར་ཀཱ་ཡན་གྱི་ནུ་བོ་ཧ་བེལ་ཞེས་པ་སྐྱེས༌སོ། །ཧ་བེལ་ལུག་རྫི་ཡིན་ཞིང་ཀཱ་ཡན་ཞིང་པ་ཡིན༌ནོ།། 3 དེ་ནས་དུས་ཤིག་ལ་ཀཱ་ཡན་གྱིས་ས་ཞིང་ལས་སྐྱེས་པའི་འབྲས་བུ་དཀོན་མཆོག་ཡ་ཝཱེ་ལ་མཆོད་པར་ཕུལ་བ༌དང༌། 4 ཧ་བེལ་གྱིས་ཀྱང་ལུག་ཁྱུ་ལས་བཙས་པའི་ལུ་གུ་ཐོག་མ་དང་ལུག་ཚིལ་དཀོན་མཆོག་ཡ་ཝཱེ་ལ་མཆོད་པར་ཕུལ༌ཞིང༌། ཁོང་ཉིད་ཧ་བེལ་དང་ཁོའི་མཆོད་པ་ལ་ཐུགས་དགྱེས་ཀྱང་། 5 ཀཱ་ཡན་དང་ཁོའི་མཆོད་པ་ལ་ཐུགས་མ་དགྱེས་པས། ཀཱ་ཡན་ཤིན་ཏུ་ཁྲོས་ཤིང་ངོ་མདངས་ཀྱང་འགྱུར་བར་གྱུར་ཏོ།། 6 དེ་ནས་དཀོན་མཆོག་ཡ་ཝཱེས་ཀཱ་ཡན་ལ་འདི་སྐད༌དུ། ཁྱོད་ཁྲོས་ནས་ངོ་མདངས་འགྱུར་བ་ཅི་ཡིན༌ནམ། 7 ཁྱོད་རང་སྤྱོད་ལམ་བཟང་ན་ཁྱོད་ཀྱི་མགོ་ཡར་འདེགས་ཐུབ་པ་མ་ཡིན༌ནམ། གལ་ཏེ་སྤྱོད་ལམ་ངན་ན་སྡིག་པས་སྒོ་མདུན་ནས་ཁྱོད་ལ་འཇབ་འདུག༌གོ །དེས་ཁྱོད་འདོད་ཀྱང་ཁྱོད་ཀྱིས་དེ་ལ་དབང་བསྒྱུར་དགོས་ཞེས་གསུངས༌སོ།།
8 དེ་ནས་ཀཱ་ཡན་གྱིས་ཧ་བེལ་ལ་གཏམ་གླེང་བ༌དང༌། ཁོ་གཉིས་ཞིང་བར་དུ་ཡོད་པའི་ཚེ༌ན། ཀཱ་ཡན་ལངས་ནས་རང་གི་སྤུན་ཧ་བེལ་ལ་བརྒྱབ་སྟེ་བསད༌དོ།།
9 དེར་དཀོན་མཆོག་ཡ་ཝཱེས་ཀཱ་ཡན་ལ་འདི་སྐད༌དུ། ཁྱོད་ཀྱི་སྤུན་ཧ་བེལ་གང་དུ་ཡོད་ཅེས་དྲིས་པ༌ལ། ཀཱ་ཡན་ན༌རེ། ངས་མི༌ཤེས། ང་ནི་སྤུན་སྲུང་མཁན་ཡིན་ནམ་ཞེས༌སྨྲས། 10 ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཀྱིས་ཅི་བྱས༌སམ། ཁྱོད་ཀྱི་སྤུན་ཧ་བེལ་གྱི་ཁྲག་གིས་ས་འོག་ནས་བདག་ལ་ངུ་སྐད་འདོན༌ནོ།། 11 ས་ཡིས་ཁ་གདངས་ཏེ་ཁྱོད་ཀྱི་ལག་ནས་ཁྱོད་རང་གི་སྤུན་ཆུང་ཧ་བེལ་གྱི་ཁྲག་བླངས༌པས། ད་ལྟ་ཁྱོད་ལ་ས་འདི་ལས་དམོད་པ་ཐེབས༌དགོས། 12 ཁྱོད་ཀྱིས་ཞིང་རྨོས་ཀྱང་ས་ཡིས་ཁྱོད་ལ་འབྲས་བུ་མི་བསྐྱེད་པས་ཁྱོད་ས་སྟེང་དུ་འཁྱམ་པར་འགྱུར་ཞེས་གསུངས༌སོ།། 13 དེ་ནས་ཀཱ་ཡན་ན༌རེ། ང་ལ་ཉེས་ཆད་བཅད་པ་ལྗིད་དྲགས་པས་འཁུར་མི་ནུས༌སོ།། 14 ཁྱེད་ཀྱིས་ད་ལྟ་ང་རང་ས་ཆ་འདི་ནས་བདས་པས་ངས་ཁྱེད་རང་མཇལ་མི་ནུས་པ༌དང༌། ང་རང་ས་མཐར་འཁྱམ་པ་སུ་ཞིག་གིས་མཐོང༌ན། དེས་ང་གསོད་པར་འགྱུར་ཞེས་སྨྲས༌སོ།། 15 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད༌དུ། སུ་ཞིག་གིས་ཀཱ་ཡན་བསད་ན་དེ་ལ་ཉེས་ཆད་ལན་བདུན་འཕོག་ངེས་ཡིན་ཞེས་གསུངས་པ༌དང༌། ཀཱ་ཡན་ལ་རྟགས་ཤིག་གནང་སྟེ་སུས་མཐོང་ཡང་མི་གསོད་པར་མཛད༌དོ།། 16 དེ་ནས་ཀཱ་ཡན་ནི་དཀོན་མཆོག་ཡ་ཝཱེའི་སྤྱན་སྔ་ནས་ཁ་གྱེས་ཏེ་ཨེ་དེན་ཡུལ་གྱི་ཤར་ཕྱོགས་སུ་ཡོད་པའི་ནོད་†ནོད་ཅེས་པ་ནི་འཁྱམས་ཉུལ་ཞེས་པའི་དོན༌ཡིན།ཅེས་པའི་ཡུལ་དུ་སོང་ནས་བསྡད༌དོ།།
ཀཱ་ཡན་གྱི་རིགས༌རྒྱུད།
17 དེ་ནས་ཀཱ་ཡན་རང་གི་ཆུང་མ་དང་ལུས་འབྲེལ་བྱས༌ཤིང༌། ཁོའི་ཆུང་མར་མངལ་སྦྲུམ་སྟེ་བུ་ཧ་ནོག་སྐྱེས༌སོ། །ཀཱ་ཡན་གྱིས་གྲོང་ཁྱེར་ཞིག་བརྩིགས་ཤིང་རང་གི་བུའི་མིང་བཞིན་ཧ་ནོག་གྲོང་ཁྱེར་ཞེས༌བཏགས། 18 ཧ་ནོག་ལ་བུ་ཨི་རཱད་སྐྱེས་པ༌དང༌། ཨི་རཱད་ལ་བུ་མཱ་ཧུ་ཡ་ཨེལ་སྐྱེས་པ༌དང༌། མཱ་ཧུ་ཡ་ཨེལ་ལ་བུ་མཱ་ཐུ་ཤཱ་ཨེལ་སྐྱེས་པ༌དང༌། མཱ་ཐུ་ཤཱ་ཨེལ་ལ་བུ་ལཱ་མེག་སྐྱེས་སོ།། 19 དེ་ནས་ལཱ་མེག་གིས་ཆུང་མ་གཉིས་བླངས་ཤིང་གཅིག་གི་མིང་ལ་ཨ་དཱ་ཞེས་ཟེར་བ་དང་ཅིག་ཤོས་ལ་ཚི་ལཱ་ཞེས་ཟེར༌རོ།། 20 ཨ་དཱ་ལ་བུ་ཡཱ་བལ་སྐྱེས༌ཤིང༌། དེ་ནི་གུར་དུ་སྡོད་པ་དང་ཕྱུགས་འཚོ་བའི་མི་རྣམས་ཀྱི་མེས་པོ་ཡིན༌ནོ།། 21 དེ་ཡང་ཡཱ་བལ་ལ་ཡུ་བཱལ་ཞེས་ཟེར་བའི་སྤུན་ཞིག་ཡོད་པ་ནི་པི་ཝང་འཁྲོལ་བ་དང་འཕྲེད་གླིང་འབུད་པའི་མི་ཐམས་ཅད་ཀྱི་མེས་པོ་ཡིན༌ནོ།། 22 ཚི་ལཱ་ཡིས་ཀྱང་བུ་ཐུ་བཱལ་ཀཱ་ཡན་བཙས༌ཤིང༌། དེ་ནི་ཟངས་ལྕགས་ལས་སྣོན་བྱེད་མཁན་གྱི་མགར་པ་ཐོག་མ༌ཡིན། ཐུ་བཱལ་ཀཱ་ཡན་ལ་སྲིང་མོ་ཞིག་ཡོད་པ་ནི་ནཱ་ཨ་མཱ་ཡིན༌ནོ།། 23 དེ་ནས་ལཱ་མེག་གིས་རང་གི་ཆུང་མ་གཉིས་ལ་འདི་ལྟར་སྨྲས་པ༌སྟེ།
ང་ཡི་སྐད་ལ་ཉོན་ཅིག་ཨ་དཱ་དང་ཚི༌ལཱ།།
ང་ཡི་གཏམ་ལ་གསོན་དང་ལཱ་མེག་གི་ཆུང༌མ།།
ང་རང་རྨས་པར་བྱས་པས་མི་ཞིག་བདག་གིས༌བསད།།
ང་ལ་བརྒྱབ་པས་གཞོན་ནུ་ཞིག་ཀྱང་བདག་གིས༌བསད།།
24 ཀཱ་ཡན་བསད་ན་ཉེས་ཆད་ལན་བདུན་དུ་འབྱུང༌ཞིང༌།།
ང་རང་བསད་ན་ཉེས་ལན་དོན་བདུན་ནི་དགོས༌སོ། །ཞེས༌པའོ།།
25 ཨ་དམ་སླར་ཡང་རང་གི་ཆུང་མ་དང་ལུས་འབྲེལ་བྱས༌ཤིང༌། ཁོ་མོས་བུ་ཞིག་བཙས་པ་དང་མིང་ལ་སེད་ཐུ་ཞེས་བཏགས་པ༌སྟེ། ཀཱ་ཡན་གྱིས་ཧ་བེལ་བསད་པས་དཀོན་མཆོག་གིས་བདག་ལ་ཧ་བེལ་གྱི་ཚབ་ཏུ་བུ་འདི་གནང་བ་ཡིན་ཞེས༌སྨྲས། 26 དེ་ནས་སེད་ཐུ་ལའང་བུ་ཞིག་སྐྱེས་ཤིང་མིང་ལ་ཨེ་ནོ་ཤཱ་ཞེས་བཏགས༌སོ། །དུས་དེ་ནས༌བཟུང༌། མི་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་མཚན་ནས་འབོད་པའི་འགོ་ཚུགས་པ་ཡིན༌ནོ།།
*ལེའུ་བཞི༌པ།:1 དཀོན་མཆོག་ཡ་ཝཱེ་ཞེས་པ་ནི་མ་ཕྱི་ལས་ཡ་ཝཱེ་ཞེས་ཁོ་ནར་མཐོང་ཞིང་། ཕྱིས་སུ་འབྱུང་བའང་དེ་ལྟར་སྣོན་སྒྱུར་བྱས་པ་ཡིན།
†ལེའུ་བཞི༌པ།:16 ནོད་ཅེས་པ་ནི་འཁྱམས་ཉུལ་ཞེས་པའི་དོན༌ཡིན།