ལེའུ་བཅུ་བདུན༌པ།
མཚན་སྐྱི་གཅོད་པའི་ཞལ༌ཆད།
1 དེ་ཡང་ཨབ་རམ་དགུང་ལོ་དགུ་བཅུ་གོ་དགུ་ལོན་པའི་དུས༌སུ། དཀོན་མཆོག་ཡ་ཝཱེས་ཁོང་ལ་མངོན་པར་མཛད་དེ་འདི་སྐད༌དུ། བདག་ནི་ཀུན་དབང་དཀོན་མཆོག་ཡིན༌ལ། ཁྱོད་ཀྱིས་བདག་གི་དྲུང་དུ་མི་རྣམ་དག་གི་སྤྱོད་པ་ཟུངས༌དང༌། 2 བདག་གིས་ཁྱོད་དང་ཁ་ཆད་བཞག༌ནས། ཁྱོད་ཀྱི་རིགས་རྒྱུད་དར་ཞིང་རྒྱས་པར་བྱའོ་ཞེས་གསུངས༌སོ།། 3 དེ་ནས་ཨབ་རམ་གྱིས་ཕྱག་བཙལ་ནས་བསྡད་པ༌ལ། ཡང་དཀོན་མཆོག་གིས་འདི་སྐད༌དུ། 4 བདག་གིས་ཁྱོད་ལ་ཁ་ཆད་འཇོག༌སྟེ། ཁྱོད་ནི་མི་རིགས་མང་པོ་ཞིག་གི་མེས་པོར༌བྱའོ།། 5 ད་ནས་བཟུང་ཁྱོད་ཀྱི་མིང་ལ་ཨབ་རམ་མི་ཟེར་བར་ཨབ་ར་ཧམ་ཞེས་འབོད་པར་བྱ༌སྟེ། བདག་གིས་ཁྱོད་མི་རིགས་མང་པོའི་མེས་པོར་བྱེད་པའི་ཕྱིར༌རོ།། 6 བདག་གིས་ངེས་པར་ཁྱོད་ཀྱི་རིགས་རྒྱུད་དར་ཞིང་རྒྱས་པ༌དང༌། ཁྱོད་ལས་མི་རིགས་མང་པོ་འབྱུང་བ༌དང༌། ཁྱོད་ལས་རྒྱལ་པོ་འབྱུང་བར༌བྱའོ།། 7 བདག་གིས་ཁྱོད་དང་ཁྱོད་ཀྱི་རིགས་རྒྱུད་ཕྱི་མ་ཐམས་ཅད་ལ་དུས་གཏན་གྱི་ཁ་ཆད་འཇོག་པར་བྱ༌སྟེ། བདག་ནི་ཁྱོད་དང་ཁྱོད་ཀྱི་རིགས་རྒྱུད་ཕྱི་མ་རྣམས་ཀྱི་དཀོན་མཆོག༌ཡིན། 8 བདག་གིས་ད་ལྟ་ཁྱོད་རང་སྡོད་པའི་ཡུལ་ཏེ་ཀ་ན་ཨན་གྱི་ས་ཆ་ཐམས་ཅད་ཁྱོད་དང་ཁྱོད་ཀྱི་རིགས་རྒྱུད་ཕྱི་མ་རྣམས་ལ་སྦྱིན་པ༌དང༌། ཁྱོད་རྣམས་རྟག་ཏུ་ཡུལ་འདིའི་བདག་པོར་བྱེད་ཅིང་བདག་ནི་རིགས་རྒྱུད་ཕྱི་མ་རྣམས་ཀྱི་དཀོན་མཆོག་ཀྱང་ཡིན་ཞེས་གསུངས༌སོ།།
9 ཡང་དཀོན་མཆོག་གིས་ཨབ་ར་ཧམ་ལ་འདི་སྐད༌དུ། ཁྱོད་དང་ཁྱོད་ཀྱི་རིགས་རྒྱུད་ཕྱི་མ་ཐམས་ཅད་ཀྱིས་དུས་ནམ་ཡང་བདག་གི་ཁ་ཆད་བསྲུང་དགོས༌སོ།། 10 ཁྱོད་རྣམས་ལས་ཕོ་ཐམས་ཅད་ཀྱི་མཚན་སྐྱི་*མཚན་སྐྱི་ཞེས་པ་ནི་དཀྲེ་ཤུན་ཏེ་ཕོ་མཚན་གྱི་སྐྱི་མོ་ལ་གོ༌དགོས།གཅོད་པར༌གྱིས། འདི་ནི་བདག་དང༌ཁྱོད། ཁྱོད་ཀྱི་རིགས་རྒྱུད་ཕྱི་མ་རྣམས་བར་གྱི་ཁ་ཆད་ཡིན༌ལ། ཁྱོད་རྣམས་ཀྱིས་བསྲུང་བར་བྱ༌འོས། 11 ཁྱོད་ཅག་ཐམས་ཅད་ཀྱི་མཚན་སྐྱི་གཅོད་དགོས༌ཏེ། འདི་ནི་བདག་དང་ཁྱོད་རྣམས་བར་གྱི་ཁ་ཆད་ཀྱི་རྟགས༌ཡིན། 12 ཁྱོད་ཅག་སྐྱེས་པ་ཐམས་ཅད་ནི་རང་ཁྱིམ་ནས་སྐྱེས༌པའམ། ཡང་ན་ཁྱོད་ཀྱི་རིགས་རྒྱུད་མ་ཡིན་པའི་ཕྱི་ཕྱོགས་པ་ལས་དངུལ་གྱིས་ཉོས་པ་གང་ཡིན༌ཡང༌། ཁྱོད་ཀྱི་རིགས་རྒྱུད་ཕྱི་མ་ཐམས་ཅད་ཀྱིས་བུ་སྐྱེས་ནས་ཉིན་བརྒྱད་པར་མཚན་སྐྱི་གཅོད༌དགོས། 13 ཁྱོད་ཀྱི་ཁྱིམ་ནས་སྐྱེས་པའམ་ཁྱོད་ཀྱིས་དངུལ་སྤྲད་ནས་ཉོས་པ་གང་ཡིན་ཡང་ཐམས་ཅད་ཀྱི་མཚན་སྐྱི་གཅོད་དགོས༌སོ། །འདི་ལྟར་བྱས༌ན། བདག་གི་ཁ་ཆད་ཁྱོད་ཅག་གི་ལུས་སྟེང་དུ་མཆིས་ཤིང་དུས་གཏན་གྱི་ཁ་ཆད་ཡིན་པར་བསྟན༌ཏོ།། 14 འོན༌ཀྱང༌། མཚན་སྐྱི་མ་བཅད་པའི་སྐྱེས་པ་རྣམས་ནི་ཁྱོད་ཀྱི་རིགས་རྒྱུད་ལས་ཕྱིར་ཕུད་པར་བྱ༌སྟེ། དེ་དག་བདག་གི་ཁ་ཆད་དང་འགལ་བའི་ཕྱིར་ཡིན་ཞེས་གསུངས༌སོ།།
15 དེ་ནས་ཡང་དཀོན་མཆོག་གིས་ཨབ་ར་ཧམ་ལ་འདི་སྐད༌དུ། ཁྱོད་ཀྱི་ཆུང་མ་སཱ་ར་ཡུའི་མིང་ལ་སཱ་ར་ཡུ་ཞེས་མི་ཟེར་བར་སཱ་ར་ཞེས་འབོད་པར་འགྱུར༌རོ།། 16 བདག་གིས་ཁོ་མོར་བྱིན་རླབས་གནང་བ༌དང༌། ཁོ་མོ་ལས་ཁྱོད་ལ་བུ་ཞིག་སྦྱིན་པར་བྱའོ། །ཡང་བདག་གིས་ཁོ་མོར་བྱིན་རླབས་གནང་བ༌དང༌། ཁོ་མོ་མི་རིགས་མང་པོ་ཞིག་གི་ཡུམ་ཡིན་པར་འགྱུར༌ཞིང༌། འབངས་མི་རྣམས་ཀྱི་རྒྱལ་པོའང་ཁོ་མོ་ལས་འབྱུང་བར་འགྱུར་ཞེས་གསུངས༌སོ།། 17 དེ་ནས་ཨབ་ར་ཧམ་གྱིས་ཕྱག་བཙལ་ནས་བསྡད༌དེ། ལོ་བརྒྱ་ལོན་པའི་མི་ཞིག་ལ་བུ་འཐོབ་སྲིད༌དམ། སཱ་རའང་ལོ་དགུ་བཅུ་ལོན་པས་བུ་སྐྱེ་སྲིད་དམ་ཞེས་སེམས་ལ་དྲན་ཞིང་དགོད་བྲོ་བར༌གྱུར། 18 དེ་ནས་ཨབ་ར་ཧམ་གྱིས་དཀོན་མཆོག༌ལ། ཁྱེད་ཀྱི་སྤྱན་སྔར་ཡེས་མ་ཨེལ་འཚོ་བར་གྱུར་ན་ཅི་མ་རུང་ཞེས་ཞུས་པ༌ན། 19 ཡང་དཀོན་མཆོག་གིས་ཨབ་ར་ཧམ་ལ་འདི་སྐད༌དུ། དེ་འདྲ་མིན༌ཏེ། ཁྱོད་ཀྱི་ཆུང་མ་སཱ་རས་ཁྱོད་ལ་བུ་ཞིག་བཙའ་བ༌དང༌། ཁྱོད་ཀྱིས་བུའི་མིང་ལ་ཨི་སཱག་ཅེས་འདོགས་པར༌གྱིས། བདག་གིས་ཁོ་དང་ཁོའི་རིགས་རྒྱུད་ཕྱི་མ་རྣམས་ལ་དུས་གཏན་གྱི་ཁ་ཆད་འཇོག་པར༌བྱའོ།། 20 དེ་ཡང་ཡེས་མ་ཨེལ་ལ་མཚོན༌ན། བདག་གིས་ཁྱོད་ཀྱི་ངག་བཞིན་དུ་ཁོ་ལའང་བྱིན་རླབས་གནང་སྟེ་དར་ཞིང་རྒྱས་པ་དང་རིགས་རྒྱུད་མང་དུ་འཕེལ་བར༌བྱའོ། །ཁོ་ལས་ཚོ་དཔོན་བཅུ་གཉིས་འབྱུང་བ་དང་བདག་གིས་ཁོ་རྒྱལ་ཁབ་ཆེན་པོར་འགྱུར་བར་བྱེད༌དོ།། 21 སང་ལོའི་དུས་འདི༌ལ། སཱ་རས་ཁྱོད་ལ་བུ་ཨི་སཱག་བཙའ་ཞིང་བདག་གིས་དེ་ལ་ཁ་ཆད་འཇོག་པར་བྱ་ཞེས་གསུངས་པ༌དང༌། 22 དཀོན་མཆོག་ཨབ་ར་ཧམ་དང་ཁ་བྲལ་ནས་ནམ་མཁའི་ཞིང་ཁམས་སུ་འཕགས༌སོ།།
23 ཉིན་དེ༌ལ། ཨབ་ར་ཧམ་གྱིས་དཀོན་མཆོག་གི་བཀའ་བསྲུངས་པ༌དང༌། ཁོང་གི་བུ་ཡེས་མ་ཨེལ་དང་རང་ཉིད་ཀྱི་ཁྱིམ་དུ་ཡོད་པའི་སྐྱེས་པ་ཐམས་ཅད༌དེ། ཁྱིམ་ལས་བཙས་པའམ་དངུལ་གྱིས་ཉོས་པའི་སྐྱེས་པ་ཐམས་ཅད་ཀྱི་མཚན་སྐྱི་བཅད༌དོ།། 24 དེ་ཡང་ཨབ་ར་ཧམ་རང་ཉིད་ཀྱི་མཚན་སྐྱི་གཅོད་པའི་དུས༌སུ། ཁོང་ནི་དགུང་ལོ་དགུ་བཅུ་གོ་དགུ་ཡིན༌ལ། 25 ཁོང་གི་བུ་ཡེས་མ་ཨེལ་གྱི་མཚན་སྐྱི་གཅོད་པའི་དུས༌སུ། བུ་དེ་ལོ་བཅུ་གསུམ་ཡིན༌ནོ།། 26 ཉིན་དེ༌ལ། ཨབ་ར་ཧམ་དང་ཁོང་གི་བུ་ཡེས་མ་ཨེལ་གཉིས་མཉམ་དུ་མཚན་སྐྱི་བཅད་པ༌དང༌། 27 གཞན་ཡང་ཁོང་གི་ཁྱིམ་དུ་ཡོད་པའི་སྐྱེས་པ་ཐམས་ཅད༌དེ། ཁྱིམ་དུ་བཙས་པའམ་ཕྱི་ཕྱོགས་པ་ལས་དངུལ་གྱིས་ཉོས་པའི་སྐྱེས་པ་ཐམས་ཅད་ཀྱི་མཚན་སྐྱིའང་ཁོང་དང་མཉམ་དུ་བཅད༌དོ།།