ལེའུ་ཉེར་བཞི༌པ།
ཨབ་ར་ཧམ་གྱིས་རང་གི་བུ་ལ་ཆུང་མ་སློང༌བ།
1 དེ་ཡང་ཨབ་ར་ཧམ་དགུང་ལོ་མཐོ་བ་དང་དོན་གང་ཅིའི་ཐད་ནས་དཀོན་མཆོག་ཡ་ཝཱེས་ཁོང་ལ་བྱིན་རླབས་གནང༌ངོ༌།། 2 ཨབ་ར་ཧམ་གྱིས་རང་ཁྱིམ་གྱི་རྒྱུ་ནོར་ཡོངས་ལ་དོ་དམ་བྱེད་པའི་གཡོག་པོ་ལོ་ན་ཆེས་རྒན་པ་དེ་ལ་འདི་སྐད༌དུ། ཁྱོད་ཀྱིས་རང་གི་ལག་པ་བདག་གི་བརླ་འོག་ཏུ་འཇོག་པར༌གྱིས། 3 ཁྱོད་ཀྱིས་གནམ་ས་གཉིས་ཀྱི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་དམ་བཅའ་ཞོག༌ཅིག ང་རང་སྡོད་པའི་ཡུལ་འདི་ནས་བདག་གི་བུ་ལ་ཀ་ན་ཨན་མི་རིགས་ཀྱི་བུ་མོ་ཆུང་མར་ལེན་པར་མི༌བྱའོ།། 4 ཁྱོད་རང་བདག་གི་ཕ་ཡུལ་དང་བདག་གི་གཉེན་ཉེའི་གམ་དུ་སོང་ནས་བདག་གི་བུ་ཨི་སཱག་ལ་ཆུང་མ་ཞིག་ལེན་དགོས་ཞེས་གསུངས་པ༌ལ། 5 གཡོག་པོ་ན༌རེ། གལ༌སྲིད། བུ་མོ་བདག་དང་མཉམ་དུ་གནས་འདིར་མི་ཡོང༌ན། ངས་ཁྱེད་ཀྱི་བུ་ཕྱིར་ཕ་ཡུལ་དུ་འཁྲིད་དམ་ཞེས་སྨྲས་པ༌དང༌། 6 ཡང་ཨབ་ར་ཧམ་གྱིས་འདི་སྐད༌དུ། ཁྱོད་ཀྱིས་མཉམ་འཇོག་པར༌གྱིས། བདག་གི་བུ་ཕྱིར་མ་འཁྲིད༌ཅིག 7 ནམ་མཁའི་དཀོན་མཆོག་ཡ་ཝཱེས་ཁོང་གི་ཕོ་ཉ་ཁྱོད་ཀྱི་མདུན་དུ་མངགས་ངེས༌ཏེ། ཁྱོད་ཀྱིས་གནས་དེ་ནས་བདག་གི་བུ་ལ་ཆུང་མ་ཞིག་ལེན་པར༌བྱའོ། །ཁོང་གིས་སྔོན་ཆད་ང་རང་བདག་གི་ཕ་གཞིས་དང་རང་མི་རིགས་ཀྱི་ཡུལ་དང་ཁ་འབྲལ་བར་མཛད་དེ་འདི་སྐད༌དུ། བདག་གིས་ཡུལ་འདི་ཁྱོད་ཀྱི་རིགས་རྒྱུད་ཕྱི་མ་རྣམས་ལ་གནང་བར་བྱ་ཞེས་མནའ་བཞེས་མྱོང༌ངོ༌།། 8 གལ༌ཏེ། བུ་མོ་དེ་ཁྱོད་དང་མཉམ་དུ་ཡོང་མི་འདོད༌ན། ཁྱོད་ཀྱིས་བདག་ལ་དམ་བཅས་པའང་ཁྱོད་དང་འབྲེལ་བ་མེད་པ༌ཡིན། བདག་གི་བུ་གཏན་ནས་ཕྱིར་འཁྲིད་མི་རུང་ཞེས་གསུངས༌སོ།། 9 དེ་ནས་གཡོག་པོས་རང་གི་བདག་པོ་ཨབ་ར་ཧམ་གྱི་བརླ་འོག་ཏུ་ལག་པ་བཞག་སྟེ་དོན་འདིའི་ཆེད་དུ་དམ་བཅས༌སོ།། 10 དེར་གཡོག་པོས་རང་གི་བདག་པོའི་རྔ་མོང་ལས་རྔ་མོང་བཅུ་ཁྲིད་ཅིང་ནོར་རྫས་སྣ་ཚོགས་བཟུང༌སྟེ། མེ་སོ་པོ་ཐེམ་ཡཱ་ཡུལ་དུ་སོང་བ་དང་ནཱ་ཧོར་གྲོང་ཁྱེར་དུ༌སླེབས། 11 ས་མ་རུབ་སྔོན༌ལ། བུ་མོ་རྣམས་ཆུ་འཁུར་དུ་འགྲོ་བའི་དུས༌སུ། གཡོག་པོས་རྔ་མོང་རྣམས་གྲོང་ཁྱེར་ཕྱི་རོལ་གྱི་ཁྲོན་པ་ཞིག་གི་ཉེ་སར་འདུག་ཏུ་བཅུག༌གོ ། 12 དེ་ནས་གཡོག་པོས་དཀོན་མཆོག་ལ་འདི༌ལྟར། ཀྱེ། དཀོན་མཆོག་ཡ༌ཝཱེ། ང་ཡི་བདག་པོ་ཨབ་ར་ཧམ་གྱི་དཀོན་མཆོག༌ལགས། ཁྱེད་ཀྱིས་ང་ཡི་བདག་པོ་ཨབ་ར་ཧམ་ལ་ཐུགས་རྗེས་གཟིགས༌དང༌། དེ་རིང་བདག་གོ་སྐབས་ལེགས་པོ་ཞིག་དང་འཕྲད་པར༌མཛོད། 13 ང་རང་ད་ལྟ་ཁྲོན་པའི་འགྲམ་དུ་ཡོད༌ཅིང༌། གྲོང་ཁྱེར་ནང་གི་བུ་མོ་རྣམས་ཆུ་ལེན་དུ་ཡོང་བཞིན་ཡོད༌པས། 14 ངས་བུ་མོ་སུ་ཞིག༌ལ། ཁྱོད་ཀྱིས་ཆུ་ཟོ་ཁྱེར་ཤོག༌དང༌། ངས་ཆུ་འཐུང་འདོད་ཅེས་སྨྲ་བ༌དང༌། གལ༌ཏེ། ཁོ་མོ་ན༌རེ། ཁྱོད་ཀྱིས་འཐུང༌དང༌། ངས་ཁྱོད་ཀྱི་རྔ་མོང་ལའང་ཆུ་ལྡུད་པར་བྱ་ཞེས་སྨྲས༌ན། བུ་མོ་དེ་ནི་ཁྱེད་ཀྱིས་བསྐོས་པ་ལྟར་ཁྱེད་ཀྱི་ཞབས་ཕྱི་པ་ཨི་སཱག་གི་ཆུང་མ་ཡིན་པར༌མཛོད། འདི་ལྟར་གྲུབ༌ཚེ། ཁྱེད་ཀྱིས་ང་ཡི་བདག་པོ་ལ་ཐུགས་རྗེ་གནང་བ་བདག་གིས་ཤེས་ནུས་པ་ཡིན་ཞེས་གསོལ་བ་བཏབ༌བོ།། 15 དེ་ལྟར་གཡོག་པོས་གསོལ་བ་བཏབ་མ་ཚར༌བར། རིབ་ཀཱ་ཞེས་བྱ་བའི་བུ་མོས་ཕྲག་ལ་ཆུ་ཟོ་ཁུར་ནས་ཆུ་ལེན་དུ་ཡོང༌ངོ༌། །རིབ་ཀཱ་ནི་པཱ་ཐུ་ཨེལ་གྱི་བུ་མོ་ཡིན༌ནོ། །པཱ་ཐུ་ཨེལ་ནི་མིལ་ཀཱ་ཡི་བུ་ཡིན༌ལ། མིལ་ཀཱ་ནི་ཨབ་ར་ཧམ་གྱི་གཅུང་པོ་ནཱ་ཧོར་གྱི་ཆུང་མ་ཡིན༌ནོ།། 16 བུ་མོ་དེ་ནི་ཤིན་ཏུ་མཛེས་ཤིང་ལྟ་ན་སྡུག་པ་དང་སྐྱེས་པ་སུ་ལའང་འགྲོགས་མ་མྱོང་བ་ཞིག་ཡིན༌ནོ། །བུ་མོ་དེ་མར་ཁྲོན་པའི་འགྲམ་དུ་སོང་ནས་ཆུ་ཟོར་ཆུ་བཅུས་ཏེ་ཕྱིར་ཐོན༌ནོ།། 17 དེ་ནས་གཡོག་པོ་བུ་མོའི་མདུན་དུ་བརྒྱུགས་ཏེ་ན༌རེ། ཁྱོད་ཀྱིས་ཆུ་ཟོ་ནང་གི་ཆུ་དེ་བདག་ལ་འཐུང་བར་མཛོད་ཅིག་ཅེས་སྨྲས་པ༌ན། 18 བུ་མོ་ན༌རེ། བདག་གི་ཇོ་བོ༌ལགས། ཁྱེད་ཀྱིས་འཐུང་བར་མཛོད་ཅེས་སྨྲ་བཞིན་ཆུ་ཟོ་མྱུར་དུ་མར་བླངས་ཤིང་ལག་པས་ཡར་བཏེགས་ནས་ཁོ་ལ་འཐུང་དུ༌བཅུག 19 བུ་མོས་ཁོ་ལ་ཆུ་འཐུང་དུ་བཅུག་རྗེས་ན༌རེ། ངས་ཆུ་བླངས་ཏེ་ཁྱེད་ཀྱི་རྔ་མོང་ལའང་ཆུ་བླུད་ནས་འགྲང་བར་བྱེད་ཅེས་སྨྲས༌ཏེ། 20 ཁོ་མོས་ཆུ་ཟོ་ལས་ཆུ་གཞོང་ནང་དུ་ཆུ་བླུགས་ཤིང་སླར་ཡང་ཁྲོན་པར་ཆུ་ལེན་དུ་སོང་བ༌དང༌། རྔ་མོང་ཐམས་ཅད་ལ་ཆུ་ལྡུད་པའི་ཕྱིར་ཆུ༌བླངས། 21 སྐབས༌དེར། གཡོག་པོས་སྐད་ཆ་ཅི་ཡང་མ་སྨྲས༌པར། དཀོན་མཆོག་ཡ་ཝཱེས་རང་གི་མཛད་དོན་ལེགས་པར་མཛད་དོ་སྙམ་སྟེ་བུ་མོ་དེར་མིག་གིས་ཡང་ཡང༌བལྟས། 22 དེ་ནས་རྔ་མོང་དག་ཆུས་ངོམས་པ༌དང༌། གཡོག་པོས་ལྗིད་ཚད་སྲང་ཕྱེད་ *སྲང་ཕྱེད་ཅེས་པར་མ་ཕྱི་ལས་པེ་ཁཱ་ཞེས་མཐོང་བ་དང་། པེ་ཁཱ་ཞེས་པ་ནི་གནའ་བོའི་ཡ་ཧུ་དཱ་མི་རིགས་ཀྱི་ལྗིད་ཚད་འཇལ་བྱེད་ཅིག་ཡིན་ལ། པེ་ཁཱ་གཅིག་ནི་སྲང་ཕྱེད་ཀ་ཙམ་ཡིན་པས་དོན་སྒྱུར་བྱས་པ་ཡིན། ཙམ་གྱི་གསེར་གྱི་སྣ་ཆ་གཅིག༌དང༌། སྲང་བཅུ་ཡོད་པའི་གསེར་གྱི་གདུབ་བུ་ཆ་གཅིག་བླངས་ནས་བུ་མོ་དེར་སྤྲད་དེ་ན༌རེ། 23 བདག་ལ་ཤོད༌དང༌། ཁྱོད་ནི་སུ་ཚང་གི་བུ་མོ་ཡིན༌ནམ། ཁྱོད་ཀྱི་ཕ་གཞིས་སུ་ངེད་ཅག་ལ་སྡོད་གནས་ཡོད་དམ་མེད་ཅེས་དྲིས་པ༌ལ། 24 བུ་མོ་ན༌རེ། བདག་ནི་ནཱ་ཧོར་དང་མིལ་ཀཱ་གཉིས་ཀྱི་བུ་པཱ་ཐུ་ཨེལ་ཞེས་པའི་བུ་མོ་ཡིན་ཞེས་སྨྲས་པ༌དང༌། 25 ཡང་ཁོ་མོ་ན༌རེ། ངེད་ཀྱི་ཡུལ་དུ་གཟན་ཆས་དང་རྩྭ་མོད་པོ་ཡོད་ལ་སྡོད་གནས་ཀྱང་མང་པོ་ཡོད་ཅེས་ལན་བཏབ༌བོ།། 26 དེ་ནས་གཡོག་པོས་མགོ་སྨད་དུ་བསྒུར་ནས་དཀོན་མཆོག་ཡ་ཝཱེ་ལ་ཕྱག་བྱས༌ཏེ། 27 ཀྱེ། ང་ཡི་བདག་པོ་ཨབ་ར་ཧམ་གྱི་དཀོན་མཆོག་ཡ་ཝཱེ་ལ་བསྟོད་ཅིང་བསྔགས་པར༌བྱའོ། །ཅིའི་ཕྱིར་ཞེ༌ན། ཁོང་གིས་ང་ཡི་བདག་པོ་ལ་བཅངས་པའི་བྱམས་སྙིང་རྗེ་དང་དྲང་བདེན་ནི་ནམ་ཡང་དོར་མ་མྱོང་བའི་ཕྱིར༌རོ། །བདག་ལ་མཚོན༌ན། དཀོན་མཆོག་ཡ་ཝཱེས་ང་རང་ལ་ལམ་བསྟན༌ཏེ། ང་ཡི་བདག་པོའི་སྤུན་ཟླའི་ཁྱིམ་དུ་ཐད་ཀར་ཁྲིད་པ་ཡིན་ཞེས་སྨྲས༌སོ།།
28 དེ་ནས་བུ་མོ་ཡུལ་དུ་བརྒྱུགས་ཏེ་ཁོ་མོའི་ཡུམ་དང་ཡུམ་གྱི་ཁྱིམ་མི་རྣམས་ལ་གཏམ་དེ་དག་སྨྲས༌སོ།། 29-30 དེ་ཡང་བུ་མོ་རིབ་ཀཱ་ཞེས་བྱ་བར་གཅེན་པོ་ཞིག་ཡོད་པའི་མིང་ལ་ལཱ་པན་ཞེས༌ཟེར། ཁོས་གསེར་གྱི་སྣ་ཆ་དང་སྲིང་མོའི་ལག་མགོའི་གསེར་གྱི་གདུབ་བུ་གཉིས་མཐོང་བ༌དང༌། ཁོ་མོས་བཤད་པ་ལྟར་མི་དེས་ཁོ་མོ་ལ་ཅི་ལྟར་སྨྲས་པ་སོགས་ཀྱི་སྐད་ཆ་ཐོས༌རྗེས། ཁོ་རང་ཡང་ཁྲོན་པའི་ཕྱོགས་སུ་བརྒྱུགས་ནས་མི་དེའི་གམ་དུ་སླེབས་པ༌དང༌། རྔ་མོང་གི་འགྲམ་དུ་ཡོད་པའི་མི་དེ་ད་དུང་ཁྲོན་པའི་གནས་དེར་ལངས་ནས་བསྡད་ཡོད་པ་མཐོང་སྟེ་ན༌རེ། 31 ཁྱོད་ལ་དཀོན་མཆོག་ཡ་ཝཱེའི་བྱིན་རླབས་ཐོབ༌ཅིང༌། ཁྱོད་རང་ཁྱིམ་དུ་ཕེབས་པར༌ཞུ། ཕྱི་རུ་འདུག་དགོས་དོན༌མེད། ངས་ཁང་པ་གད་བདར་བྱས་ཚར་བ༌དང༌། རྔ་མོང་འདོགས་སའང་སྟ་གོན་བྱས་ཡོད་ཅེས་སྨྲས༌སོ།། 32 དེ་ལྟར་མི་དེའང་ལཱ་པན་གྱི་ཁྱིམ་དུ་སོང་ཞིང་། ལཱ་པན་གྱིས་རྔ་མོང་རྒྱབ་ཀྱི་ཁུར་པོ་མར་ཕོག་པ༌དང༌། རྔ་མོང་དག་ལ་གཟན་ཆས་དང་རྩྭ་བྱིན༌ཅིང༌། མི་དེ་རྣམས་ལ་རྐང་པ་བཀྲུ་བྱེད་ཀྱི་ཆུ་བླུགས་པ༌དང༌། 33 མདུན་དུ་ཟས་བཤམས་པ་དང་ཟས་བཞེས་པར་གྱིས་ཞེས་སྨྲས་ཀྱང་མི་དེ་ན༌རེ། ངས་ཟས་མི༌བཟའོ། །ངས་ཐོག་མར་རང་གི་དོན་དག་གསལ་པོར་སྨྲས༌རྗེས་ད་གཟོད་ཟས་བཟའ་བར་བྱ་ཞེས་སྨྲས་པ༌དང༌། ལཱ་པན་ན༌རེ། དེས་ན་ཁྱོད་ཀྱིས་རང་གི་དོན་དག་བརྗོད་པར་གྱིས་ཞེས་སྨྲས༌སོ།། 34 དེ་ནས་ཁོ་ན༌རེ། བདག་ནི་ཨབ་ར་ཧམ་གྱི་གཡོག་པོ་ཡིན༌ལ། 35 དཀོན་མཆོག་ཡ་ཝཱེས་ང་ཡི་བདག་པོ་ལ་བྱིན་རླབས་ཆེན་པོ་གནང་སྟེ་ཁོང་ལ་ར་ལུག་དང་བ༌གླང་གི་ཁྱུ། གསེར་དང༌དངུལ། གཡོག་པོ་དང་གཡོག༌མོ། རྔ་མོང་དང་བོང་བུ་བཅས་ཐོབ་ཅིང་ཆེས་ཆེར་ཕྱུག་པོར་གྱུར༌ཏོ།། 36 ང་ཡི་བདག་པོའི་ཆུང་མ་སཱ་ར་ཡིས་དགུང་ལོ་མཐོ་བའི་དུས་སུ་བདག་པོར་བུ་ཞིག་བཙས་ཤིང་བདག་པོས་རྒྱུ་ནོར་ཐམས་ཅད་བུ་དེ་ལ་གནང༌ངོ༌།། 37 དེ་ནས་ངས་རང་གི་བདག་པོ་ལ་དམ་བཅའ་འཇོག་དགོས་པར་ཁོང་གིས་འདི་སྐད༌དུ། ཁྱོད་ཀྱིས་ང་རང་སྡོད་པའི་ཡུལ་འདི་ནས་བདག་གི་བུ་ལ་ཀ་ན་ཨན་མི་རིགས་ཀྱི་བུ་མོ་ཞིག་ཆུང་མར་ལེན་པར་མི༌བྱའོ།། 38 ཁྱོད་རང་བདག་གི་ཕ་གཞིས་དང་བདག་གི་གཉེན་ཉེའི་གམ་དུ་སོང༌སྟེ། ངའི་བུ་ཨི་སཱག་ལ་ཆུང་མ་ཞིག་ལེན་དགོས་ཞེས་གསུངས༌སོ།། 39 དེ་ནས་ངས་འདི༌ལྟར། བུ་མོ་དེ་བདག་དང་མཉམ་དུ་གནས་འདིར་མི་ཡོང་ན་ཅི་བྱའམ་ཞེས་དྲིས་པ༌དང༌། 40 བདག་པོ་ན༌རེ། བདག་གིས་ཞབས་ཏོག་བསྒྲུབས་པའི་དཀོན་མཆོག་ཡ་ཝཱེས་ངེས་པར་རང་ཉིད་ཀྱི་ཕོ་ཉ་མངགས་ཏེ་ཁྱོད་དང་མཉམ་དུ་འགྲོ་བ་དང་ཁྱོད་ཀྱི་བགྲོད་ལམ་བདེ་བར་མཛད༌ཅིང༌། ཁྱོད་རང་བདག་གི་ཕ་གཞིས་དང་བདག་གི་གཉེན་ཉེའི་གམ་དུ་སོང༌སྟེ། ངའི་བུ་ཨི་སཱག་ལ་ཆུང་མ་ཞིག་ལེན་པར༌བྱའོ།། 41 ཁྱོད་རང་བདག་གི་གཉེན་ཉེའི་གམ་དུ་སླེབས་པ༌ན། གལ༌སྲིད། དེ་རྣམས་ཀྱིས་བུ་མོ་དེ་ཁྱོད་ལ་མི་སྟེར༌ན། བདག་གིས་ཁྱོད་ལ་འཇོག་ཏུ་བཅུག་པའི་དམ་བཅའ་ནི་ཁྱོད་དང་འབྲེལ་བ་ཅི་ཡང་མེད་ཅེས་གསུངས་མྱོང༌ངོ༌།། 42 དེ་རིང་བདག་ཁྲོན་པའི་འགྲམ་དུ་སླེབས་ཏེ། ཀྱེ། དཀོན་མཆོག་ཡ༌ཝཱེ། ང་ཡི་བདག་པོ་ཨབ་ར་ཧམ་གྱི་དཀོན་མཆོག༌ལགས། ཁྱེད་ཀྱིས་བདག་གི་དོན་འདི་ལེགས་པར་བསྒྲུབ་ཏུ༌མཛོད། 43 ད་ལྟ་ང་རང་ཁྲོན་པའི་འགྲམ་དུ་ཡོད༌ཅིང༌། ངས་ཆུ་ལེན་བུ་མོ་ལ་འདི་ལྟར་སྨྲ༌སྟེ། ཁྱོད་ཀྱི་ཆུ་ཟོ་ལས་བདག་ལ་ཆུ་གནང་བར་མཛོད་ཅེས་པ༌ལ། 44 བུ་མོ་ན༌རེ། ལགས༌སོ། །ཁྱོད་ཀྱིས་ཐུངས༌ཤིག ངས་ཁྱོད་ཀྱི་རྔ་མོང་ལའང་ཆུ་ལྡུད་པར་བྱ་ཞེས་སྨྲས༌ན། བུ་མོ་དེ་ནི་དཀོན་མཆོག་ཡ་ཝཱེས་ང་ཡི་བདག་པོའི་བུ་ལ་ཆུང་མར་བསྐོས་པ་ཡིན་པར༌མཛོད། 45 ངའི་སེམས་ནས་དེ་བཞིན་གསོལ་བ་བཏབ་མ་ཚར་སྔོན༌ལ། བུ་མོ་རིབ་ཀཱས་ཕྲག་ལ་ཆུ་ཟོ་ཁུར་ནས་མར་ཁྲོན་པའི་འགྲམ་དུ་སོང་བ་དང་ཆུ་ཟོར་ཆུ་བཅུས༌ཤིང༌། ངས་ཁོ་མོར་འདི་ལྟར་སྨྲས་པ༌སྟེ། ཁྱོད་ཀྱིས་བདག་ལ་ཆུ་གནང་བར་མཛོད་ཅེས་པ༌ལ། 46 ཁོ་མོས་བྲེལ་འཚབ་ངང་ནས་ཆུ་ཟོ་ཕྲག་ལས་མར་བླངས་ཤིང་ཁྱེད་ཀྱིས་ཐུངས༌ཤིག ངས་ཁྱེད་ཀྱི་རྔ་མོང་ལའང་ཆུ་ལྡུད་པར་བྱ་ཞེས་སྨྲས་པ༌དང༌། བདག་གིས་ཆུ་འཐུང་བ་དང་ཁོ་མོས་བདག་གི་རྔ་མོང་དག་ལའང་ཆུ་འཐུང་དུ་བཅུག༌གོ ། 47 དེ་ནས་བདག་གིས་ཁོ་མོར་ཁྱོད་སུ་ཚང་གི་བུ་མོ་ཡིན་ནམ་ཞེས་དྲིས་པ༌ན། ཁོ་མོ་ན༌རེ། བདག་ནི་ནཱ་ཧོར་དང་མིལ་ཀཱ་གཉིས་ཀྱི་བུ་པཱ་ཐུ་ཨེལ་ཞེས་པའི་བུ་མོ་ཡིན་ཞེས་སྨྲས་པ༌དང༌། དེ་ནས་ངས་གསེར་གྱི་སྣ་ཆ་ཁོ་མོའི་སྣ་ལ་བཏགས་པ༌དང༌། གསེར་གྱི་གདུབ་བུ་གཉིས་ཀྱང་ཁོ་མོའི་ལག་པ་གཉིས་ལ་བསྐོན༌ཏོ།། 48 དེའི༌རྗེས། ངས་མགོ་སྨད་དུ་བསྒུར་ནས་དཀོན་མཆོག་ཡ་ཝཱེ་ལ་ཕྱག་བྱས༌ཏེ། ང་ཡི་བདག་པོ་ཨབ་ར་ཧམ་གྱི་དཀོན་མཆོག་ལ་བསྟོད་ཅིང་བསྔགས༌སོ། །ཅིའི་ཕྱིར་ཞེ༌ན། ཁོང་གིས་བདག་འོས་ཤིང་འཚམ་པའི་ལམ་དུ་ཁྲིད༌ཅིང༌། ང་ཡི་བདག་པོའི་གཉེན་ཉེའི་བུ་མོ་ནི་ཁོང་གི་བུ་ལ་ཆུང་མར་མཛད་པའི་ཕྱིར༌རོ།། 49 ཁྱེད་རྣམས་ཀྱིས་ང་ཡི་བདག་པོ་ལ་བྱམས་སྙིང་རྗེ་དང་བློས་ཐུབ་སེམས་ཀྱིས་སྣེ་ལེན་བྱ་འདོད༌ན། ད་ལྟ་བདག་ལ་སྨྲ་བར༌བྱའོ། །གལ་ཏེ་ཁྱེད་རྣམས་མི་འཐད་ནའང་བདག་ལ་དྲང་པོར་སྨྲ་བར༌མཛོད། བདག་གིས་ཅི་ཞིག་བྱེད་དགོས་པ་ཐག་གིས་གཅོད་དགོས་ཞེས་སྨྲས༌སོ།།
50 དེ་ནས་པཱ་ཐུ་ཨེལ་དང་ལཱ་པན་གཉིས་ཀྱིས་ལན་འདི་ལྟར་བཏབ་པ༌སྟེ། དོན་འདི་ནི་དཀོན་མཆོག་ཡ་ཝཱེ་ལས་བྱུང་བ་ཡིན༌པས། ངེད་རྣམས་ཀྱིས་ཁྱོད་ལ་བཟང་ངན་ཅི་ཡང་སྨྲ་མི་ནུས༌སོ།། 51 ལྟོས༌དང༌། བུ་མོ་རིབ་ཀཱ་ཁྱོད་ཀྱི་མིག་མདུན་དུ་ཡོད༌དེ། ཁྱོད་ཀྱིས་ཁོ་མོ་ཁྲིད་ནས་དཀོན་མཆོག་ཡ་ཝཱེས་གསུངས་པ༌བཞིན། ཁྱོད་ཀྱི་བདག་པོའི་བུ་ལ་ཆུང་མ་བྱེད་པར་མཛོད་ཅེས་སྨྲས༌སོ།།
52 དེ་ནས་ཨབ་ར་ཧམ་གྱི་གཡོག་པོས་མི་དེ་གཉིས་ཀྱི་གཏམ་ཐོས་པ་དང་པུས་མོ་སར་བཙུགས་ནས་དཀོན་མཆོག་ཡ་ཝཱེ་ལ་ཕྱག་བཙལ༌ཏོ།། 53 གཡོག་པོས་གསེར་དངུལ་གྱི་རྒྱན་ཆ་དང་རྒྱན་གོས་བཅས་བུ་མོ་རིབ་ཀཱ་ལ་སྤྲད་པ༌དང༌། བུ་མོ་རིབ་ཀཱའི་ཡུམ་དང་གཅེན་པོ་ལའང་ནོར་རྫས་གཞན་དག་ཕུལ༌ཏོ།། 54 དེ་ནས་གཡོག་པོ་དང་ཁོའི་འཁོར་གཡོག་རྣམས་ཀྱིས་མཉམ་དུ་བཟའ་བཏུང་ལོངས་སུ་སྤྱད་ཅིང་ཞག་གཅིག་ལ༌བསྡད། ཕྱི་ཉིན་ཞོགས་པ་ཡར་ལངས༌ཏེ། གཡོག་པོ་ན༌རེ། ངེད་རྣམས་རང་གི་བདག་པོའི་དྲུང་དུ་འགྲོ་བར་མཛོད་ཅེས་སྨྲས་པ༌ལ། 55 བུ་མོ་རིབ་ཀཱའི་ཡུམ་དང་གཅེན་པོ་ན༌རེ། བུ་མོ་ངེད་རྣམས་དང་མཉམ་དུ་ཉིན་འགར་འདུག་པར༌གྱིས། མ་མཐའ་ཡང་ཉིན་བཅུ་ལ་སྡོད་པར༌བྱ། དེའི་རྗེས་སུ་ཁོ་མོ་སོང་ཆོག་ཅེས་སྨྲས༌སོ།། 56 ཡང་གཡོག་པོ་ན༌རེ། དཀོན་མཆོག་ཡ་ཝཱེས་བདག་ལ་འགྲོ་ལམ་ལེགས་པར་མཛད༌པས། ཁྱེད་རྣམས་ཀྱིས་དལ་འགོར་མི་བྱ༌བར། ངེད་རྣམས་རང་གི་བདག་པོའི་དྲུང་དུ་འགྲོ་བར་མཛོད་ཅེས་སྨྲས་པ༌དང༌། 57 ཡང་ཁོ་རྣམས་ན༌རེ། འོ༌ན། ངེད་ཅག་གིས་བུ་མོ་བོས་ཏེ་དྲི་བར་བྱ་ཞེས་སྨྲས༌ཏེ། 58 བུ་མོ་རིབ་ཀཱ་བོས་ནས་འདི༌ལྟར། ཁྱོད་ནི་མི་འདི་དང་མཉམ་དུ་འགྲོའམ་ཞེས་དྲིས་པ༌ལ། བུ་མོ་རིབ་ཀཱ་ན༌རེ། ང་རང་འགྲོ་རྒྱུ་ཡིན་ཞེས་ལན་བཏབ༌བོ།། 59 དེའི༌ཕྱིར། ཁོ་རྣམས་ཀྱིས་བུ་མོ་རིབ་ཀཱ་དང་ཁོ་མོའི་ཉེ་བའི་མ་མ་སོགས་ཨབ་ར་ཧམ་གྱི་གཡོག་པོ་དང་མཉམ་དུ་འགྲོ་རུ་བཅུག༌ཅིང༌། 60 འདི་ལྟར་སྨོན་འདུན་ཞུས་པ༌སྟེ།
ཀྱེ་ཀྱེ་ང་ཚོའི་སྲིང་མོ༌ལགས།།
ཁྱོད་ནི་ཀུན་གྱི་མ་རུ༌མཛོད།།
ཁྱོད་ཀྱི་བུ་རྒྱུད་དེ་ཡིས་ནི།།
དགྲ་བོའི་མཁར་ཡང་འཛིན་པར༌ཤོག །ཅེས༌པའོ།།
61 དེ་ནས་བུ་མོ་རིབ་ཀཱ་དང་ཁོ་མོའི་གཡོག་མོ་རྣམས་ཡར་ལངས་ནས་རྔ་མོང་ལ་ཞོན་པ༌དང༌། ཨབ་ར་ཧམ་གྱི་གཡོག་པོའི་རྗེས་སུ་འབྲངས་ཤིང་གཡོག་པོས་ཀྱང་བུ་མོ་རིབ་ཀཱ་ཁྲིད་ནས་སོང༌ངོ༌།།
ཨི་སཱག་གིས་རིབ་ཀཱ་ཆུང་མར་བླངས༌པ།
62 སྐབས༌དེར། ཨི་སཱག་ནི་ནེ་གུབ་ཡུལ་དུ་བཞུགས༌ཤིང༌། ཁོ་རང་པེར་ལཱ་ཧེད་རོའུ་ཞེས་པའི་ཆུ་མིག་ཅེས་པ་ནས་ཡོང་མ་ཐག༌ཡིན། 63 ས་རུབ་ལ་ཉེ་བའི་དུས༌སུ། ཁོ་རང་ཐང་དཀྱིལ་ཞིག་ཏུ་སོང་ནས་བསམ་བློ་གཏོང་བཞིན་བསྡད༌ཅིང༌། ཁོས་མགོ་ཡར་བཀྱགས་ནས་བལྟས་པ༌ན། རྔ་མོང་ལ་བཞོན་མཁན་འགའ་ཤས་ཡོང་བཞིན་པ༌མཐོང༌། 64 བུ་མོ་རིབ་ཀཱས་ཀྱང་མགོ་ཡར་བཀྱགས་ནས་ཨི་སཱག་མཐོང་བ་དང་མྱུར་དུ་རྔ་མོང་ལས་མར་བབས༌ཏེ། 65 ཐང་དཀྱིལ་ནས་རང་ཅག་རྣམས་བསུ་བར་ཡོང་བའི་མི་དེ་སུ་ཡིན་ནམ་ཞེས་གཡོག་པོ་ལ་དྲིས་པ༌དང༌། གཡོག་པོ་ན༌རེ། དེ་ནི་ང་ཡི་བདག་པོ་ཡིན་ཞེས་ལན་བཏབ་པ༌དང༌། བུ་མོ་རིབ་ཀཱས་གདོང་ཁེབས་བླངས་ནས་རང་གི་ཞལ་རས༌བཀབ། 66 དེ་ནས་གཡོག་པོས་རང་གིས་བསྒྲུབས་པའི་ལས་ཐམས་ཅད་ཨི་སཱག་ལ་སྨྲས་པ༌དང༌། 67 ཨི་སཱག་གིས་བུ་མོ་རིབ་ཀཱ་ཁྲིད་ནས་ཁོང་གི་འདས་ཟིན་པའི་ཡུམ་སཱ་རའི་སྦྲ་གུར་ནང་དུ་སོང༌ཞིང༌། བུ་མོ་རིབ་ཀཱ་རང་གི་ཆུང་མར་བླངས་པ་དང་ཁོ་མོར་ཤིན་ཏུ་གཅེས༌སོ། །དེ་ལྟར་རང་གི་ཡུམ་ཚེ་ལས་འདས་པའི་མྱ་ངན་ལས་ཁོང་ལ་ད་གཟོད་སེམས་གསོ་ཐོབ༌བོ།།
*ལེའུ་ཉེར་བཞི༌པ།:22 སྲང་ཕྱེད་ཅེས་པར་མ་ཕྱི་ལས་པེ་ཁཱ་ཞེས་མཐོང་བ་དང་། པེ་ཁཱ་ཞེས་པ་ནི་གནའ་བོའི་ཡ་ཧུ་དཱ་མི་རིགས་ཀྱི་ལྗིད་ཚད་འཇལ་བྱེད་ཅིག་ཡིན་ལ། པེ་ཁཱ་གཅིག་ནི་སྲང་ཕྱེད་ཀ་ཙམ་ཡིན་པས་དོན་སྒྱུར་བྱས་པ་ཡིན།