ལེའུ་བདུན་པ།
ཡེ་ཤ་ཡཱ་ནི་རྒྱལ་པོ་ཨ་ཧ་ཟཱ་ལ་འཕྲད་དུ་སོང་བ།
1 ཨུ་ཟི་ཡཱའི་ཚ་བོ་སྟེ་ཡོ་ཐམ་གྱི་བུ་ཨ་ཧ་ཟཱ་ནི་ཡ་ཧུ་དཱའི་རྒྱལ་པོ་ཡིན་པའི་སྐབས་སུ། ཨ་རམ་གྱི་རྒྱལ་པོ་རེ་ཙིན་དང་། ཡེས་ར་ཨེལ་གྱི་རྒྱལ་པོ་སྟེ་རེ་མལ་ཡཱའི་བུ་ཕེ་ཀཱ་གཉིས་ཡར་ཡེ་རུ་སཱ་ལེམ་ལ་དམག་རྒྱག་ཏུ་ཡོང་ནའང་དེ་དབང་འོག་ཏུ་བསྡུ་མ་ནུས། 2 ཨ་རམ་པས་ཨེ་ཕཱར་ཡིམ་པ་དང་མནའ་འབྲེལ་བཙུགས་པ་རེད་ཅེས་དཱ་བིད་ཀྱི་རིགས་རྒྱུད་ལ་སྨྲས་པ་ན། ནགས་ཀྱི་ལྗོན་ཤིང་རླུང་གིས་བསྒུལ་བ་ལྟར། ཨ་ཧ་ཟཱ་དང་མི་རྣམས་ཀྱི་སྙིང་འདར་སིག་སིག་བྱས་སོ། །
3 དཀོན་མཆོག་ཡ་ཝཱེས་ཡེ་ཤ་ཡཱ་ལ་འདི་སྐད་དུ། ཁྱོད་དང་ཁྱོད་ཀྱི་བུ་ཤེ་ཨར་ཡ་ཤུབ་ *ཤེ་ཨར་ཡ་ཤུབ་ཅེས་པ་ནི་མི་ལྷག་ལུས་རྣམས་ཕྱིར་ལོག་པར་འགྱུར་ཞེས་པའི་དོན་ལ་འཇུགགཉིས་རྫིང་བུ་གོང་མ་ཡི་ཆུ་རྐའི་མཇུག་སྟེ། གོས་འཁྲུད་མཁན་གྱི་ཞིང་ཁར་ཡོད་པའི་ལམ་ཆེན་དུ་ཨ་ཧ་ཟཱ་བསུ་བར་སོང་ནས། 4 ཁོ་ལ་འདི་ལྟར། གཟབ་གཟབ་གྱིས་ཤིག སེམས་ལྷོད་ལྷོད་གྱིས་ཤིག ཨ་རམ་གྱི་རྒྱལ་པོ་རེ་ཙིན་དང་རེ་མལ་ཡཱའི་བུ་སྟེ་དུ་བ་འཕྱུར་བའི་མགལ་མེ་དེ་གཉིས་ལས་ཐོན་པའི་ཁོང་ཁྲོ་ལ་སྐྲག་མི་དགོས། དཔའ་ཡང་ཞུམ་མི་དགོས། 5 ཅི་ལ་ཞེ་ན། ཨ་རམ་དང་ཨེ་ཕཱར་ཡིམ་དང་། རེ་མལ་ཡཱའི་བུ་བཅས་ཀྱིས་ཁྱོད་ལ་ཇུས་ངན་བཤམས་ཏེ་ན་རེ། 6 རང་ཅག་ཡར་ཡ་ཧུ་དཱ་ལ་དམག་རྒྱག་ཏུ་སོང་ནས་དེ་དཀྲུག་པར་བྱ། དེ་ཚུར་བླངས་ནས་རང་ཅག་བར་དུ་བགོ་བར་བྱ། དེ་དག་གི་ཁྲོད་དུ་ཏ་བེ་ཨེལ་གྱི་བུ་རྒྱལ་པོར་འཇོག་ཅེས་སྨྲའོ། ། 7 ཡང་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཇུས་ངན་དེ་ཚུགས་མི་ཐུབ་ལ། དེ་ལྟར་འབྱུང་ཡང་མི་སྲིད། 8 ཅི་ལ་ཞེ་ན། ཨ་རམ་གྱི་རྒྱལ་ས་ནི་དཱ་མེ་སེག་ཡིན་པ་དང་། དཱ་མེ་སེག་གི་འགོ་དཔོན་ནི་རེ་ཙིན་ཡིན། དེ་ཡང་ཨེ་ཕཱར་ཡིམ་ནི་ལོ་ངོ་དྲུག་ཅུ་རེ་ལྔའི་ནང་རོལ་ཏུ་གང་སར་འཐོར་ནས་མི་རྣམས་སྟོང་བར་འགྱུར། 9 ཨེ་ཕཱར་ཡིམ་གྱི་རྒྱལ་ས་ནི་སཱ་མར་ཡ་དང་། སཱ་མར་ཡའི་འགོ་དཔོན་ནི་རེ་མལ་ཡཱའི་བུ་ཡིན། གལ་ཏེ་ཁྱོད་ཀྱི་དད་པ་བརྟན་པོ་མིན་ན། ཁྱོད་རྩ་བ་ནས་ཚུགས་མི་ཐུབ་ཅེས་གསུངས་སོ། །
10 དཀོན་མཆོག་ཡ་ཝཱེས་ཡང་ཨ་ཧ་ཟཱ་ལ་འདི་སྐད་དུ། 11 ཁྱོད་ཀྱིས་རང་གི་དཀོན་མཆོག་ཡ་ཝཱེ་ལ་རྟགས་མཚན་ཞུས་ཤིག འོག་གི་ས་གཞི་དང་ཡང་ན་སྟེང་གི་ནམ་མཁའ་རུ་སྟོན་པར་ཞུས་ཆོག་པ་ཡིན་ཞེས་གསུངས་ནའང་། 12 ཨ་ཧ་ཟཱ་ཡིས་ངས་ཞུ་བར་མི་བྱ། ངས་དཀོན་མཆོག་ཡ་ཝཱེ་ལ་ཚོད་བགམ་མི་བྱེད་ཅེས་ཞུས། 13 དེ་ནས་ཡེ་ཤ་ཡཱ་ཡིས་འདི་ལྟར། ཀྱེ་དཱ་བིད་ཀྱི་རིགས་རྒྱུད་ཁྱོད་ཅག་གིས་ཉོན་དང་། ཁྱོད་ཅག་གིས་མི་རྣམས་ལ་སུན་སྣང་བསྐྱེད་པ་དོན་ཆུང་ཡིན་ནམ། ད་དུང་ངའི་དཀོན་མཆོག་ལའང་སུན་སྣང་བསྐྱེད་དམ། 14 གཙོ་བོས་ཁྱོད་ལ་རྟགས་ཤིག་སྟོན་པར་འགྱུར་ཏེ། ལྟོས་དང་། ན་ཆུང་བུ་མོ་ཞིག་ལ་མངལ་སྦྲུམ་སྟེ་སྲས་ཤིག་འཁྲུངས་ངེས་ཤིང་། ཁོ་མོས་དེའི་མཚན་ལ་ཨིམ་མཱ་ནུ་ཨེལ་ †ཨིམ་མཱ་ནུ་ཨེལ་ཞེས་པ་ནི་དཀོན་མཆོག་བདག་ཅག་དང་མཉམ་དུ་བཞུགས་ཞེས་པའི་དོན་ཡིན། ཞེས་འདོགས་པར་འགྱུར། 15 སྲས་དེས་ངན་པ་འདོར་ཞིང་བཟང་པོ་འདེམས་ཤེས་པའི་དུས་སུ་ཞོ་དང་སྦྲང་རྩི་འཐུང་ངེས་ཡིན། 16 འོན་ཀྱང་སྲས་དེས་ངན་པ་འདོར་ཞིང་བཟང་པོ་འདེམས་མ་ཤེས་གོང་ལ། ཁྱོད་རང་འཇིགས་པའི་རྒྱལ་པོ་དེ་གཉིས་ཀྱི་ཡུལ་ཁམས་སྟོང་བར་འགྱུར། 17 དཀོན་མཆོག་ཡ་ཝཱེས་ཁྱོད་དང་ཁྱོད་ཀྱི་མི་རྣམས་དང་། ཁྱོད་ཀྱི་ཕ་གཞིས་ལ་ཨ་སུར་རྒྱལ་པོ་འཁྲིད་འོང་ཞིང་། ཨེ་ཕཱར་ཡིམ་ནི་ཡ་ཧུ་དཱ་དང་གྱེས་པའི་ཚུན་ལ་ཉིན་མོ་དེ་ལྟ་བུ་གཏན་ནས་བྱུང་མྱོང་བ་མེད་དོ་ཞེས་གསུངས་སོ། །
18 དུས་དེ་ལ་དཀོན་མཆོག་ཡ་ཝཱེས་ཤུ་སྒྲ་བསྒྲགས་ཏེ་ཨེ་ཅིབ་ཀྱི་གཙང་པོ་དག་གི་མགོ་ཁུངས་ནས་སྦྲང་བུ་དང་། ཨ་སུར་ཡུལ་ནས་བུང་བའི་ཚོགས་འཕུར་འོང་བར་བཅུག་སྟེ། 19 དེ་དག་ཐམས་ཅད་སླེབས་ནས་གྲོག་གཟར་དང་བྲག་སྲུབས་དང་། ཚེར་གསེང་དང་། སྤང་ཐང་ཡོད་ཚད་ལ་ཁྱབ་པར་འགྱུར་རོ། །
20 ཉིན་མོ་དེར་གཙོ་བོས་གཙང་པོའི་ཕ་རོལ་ནས་གཡར་བའི་སྤུ་གྲི་སྟེ་ཨ་སུར་རྒྱལ་པོ་བརྒྱུད་ནས་ཁྱོད་ཅག་གི་སྐྲ་དང་རྐང་པའི་བ་སྤུ་འབྲེག་ཅིང་སྨ་ར་གཞར་ངེས་ཡིན། 21 དུས་དེར་སྐྱེས་པ་གཅིག་གིས་བ་མོ་ཁ་ཆུང་གཅིག་དང་མ་མོ་གཉིས་ལས་མི་སོས་ཤིང་། 22 དེ་གཉིས་ལ་འོ་མ་ཧ་ཅང་མང་པོ་བཞོ་རྒྱུ་ཡོད་པས་ཁོས་ཞོ་འཐུང་ཆོག་ལ། ཡུལ་དེར་ལུས་པའི་མི་ཐམས་ཅད་ཀྱིས་ཞོ་འཐུང་ཞིང་སྦྲང་རྩི་སྤྱོད་པར་འགྱུར། 23 ཡང་ཉིན་མོ་དེར་སྔར་རྒུན་འབྲུམ་སྡོང་པོ་ཆིག་སྟོང་བཙུགས་ཤིང་། རིན་གོང་དངུལ་ཆིག་སྟོང་ཡིན་པའི་ཡུལ་དག་ཀྱང་ཚེར་སྡོང་དང་ཚེར་མ་སྐྱེས་ས་རུ་འགྱུར། 24 ཡུལ་དེ་ཐམས་ཅད་ལ་ཚེར་སྡོང་དང་ཚེར་མས་གང་ཡོད་པས་མི་རྣམས་ཀྱིས་མདའ་གཞུ་ཐོགས་ནས་འགྲོ་བ་ཡིན། 25 སྔོན་ཆད་འཇོར་གྱིས་བརྐོས་པའི་ཞིང་ཁ་རྣམས་ནི་ཚེར་སྡོང་དང་ཚེར་མས་གང་སྟེ་ཁྱོད་སྐྲག་པར་གྱུར་ནས་དེ་རུ་འགྲོ་མི་ཕོད་ཅིང་། དེ་ནི་བ་གླང་རྣམས་བག་ཡངས་སུ་རྒྱུ་ཞིང་ལུག་ཁྱུ་རྣམས་རྒྱུག་ས་རུ་གྱུར་པའོ། །
*ལེའུ་བདུན་པ།:3 ཤེ་ཨར་ཡ་ཤུབ་ཅེས་པ་ནི་མི་ལྷག་ལུས་རྣམས་ཕྱིར་ལོག་པར་འགྱུར་ཞེས་པའི་དོན་ལ་འཇུག
†ལེའུ་བདུན་པ།:14 ཨིམ་མཱ་ནུ་ཨེལ་ཞེས་པ་ནི་དཀོན་མཆོག་བདག་ཅག་དང་མཉམ་དུ་བཞུགས་ཞེས་པའི་དོན་ཡིན།