ལེའུ་བཅུ་གསུམ་པ།
པཱ་པེལ་ལོན་ཕམ་པར་ལུང་བསྟན་པ།
ཨ་མོ་ཟིའི་བུ་ཡེ་ཤ་ཡཱས་མཐོང་བའི་པཱ་པེལ་ལོན་སྐོར་གྱི་བཀའ་ལུང་ནི་འདི་ལྟ་སྟེ། ཁྱོད་ཀྱིས་སྐྱ་ཐེར་ཐེར་གྱི་རི་རྩེ་ལ་དར་བསྒྲེངས་ནས། མི་རྣམས་ལ་སྐད་བརྒྱབ་སྟེ་ལག་པ་གཡུགས་ཤིག དེ་དག་དབང་ཆེན་ཚོའི་མཁར་སྒོ་ལ་འཛུལ་དུ་ཆུག་དང་། ངས་ནི་རང་གིས་ཆེད་དུ་བདམས་པའི་དམག་མི་རྣམས་ལ་བཀའ་བབས་ཤིང་། རང་གི་དཔའ་བོ་རྣམས་ཏེ་ང་རྒྱལ་དང་རང་རློམ་ཆེ་བའི་མི་རྣམས་བསྡུས་ནས་བདག་གིས་ཐུགས་ཁྲོ་ནང་དུ་མཛད་པའི་དོན་རྣམས་བསྒྲུབ་པར་འགྱུར། ཉོན་དང་། རི་རྩེ་ནས་མི་ཚོགས་འདུས་པ་བཞིན་དུ་འུད་སྒྲོག་ཅིང་། ཉོན་དང་། རྒྱལ་ཁབ་མང་པོ་འདུས་པ་བཞིན་དུ་མི་སྡེ་མང་པོའི་འུར་སྒྲ་ཡོད། དེ་ནི་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་དམག་མི་བརྩིས་ནས་གཡུལ་འཁྲུག་ལ་བཀོད་འདོམས་མཛད་པ་ཡིན། ཡུལ་ཁམས་འདི་ཐམས་ཅད་བརླག་པའི་ཕྱིར་དུ། དཀོན་མཆོག་ཡ་ཝཱེ་དང་ཁོང་གི་ཐུགས་ཁྲོའི་མཚོན་ཆ་རྣམས་རྒྱང་རིང་ཡུལ་དང་ས་མཐའ་ནས་སླེབ་ངེས་སོ། །
སྨྲེ་སྔགས་ཐོན་དང་། གང་ལ་ཞེ་ན། དཀོན་མཆོག་ཡ་ཝཱེའི་ཉིན་མོ་སླེབ་ལ་ཉེ་ཞིང་། གཏོར་བརླག་ནི་ཀུན་དབང་ཁོང་ལས་སླེབས་པ་བཞིན་དུ་ཉིན་མོ་འདི་སླེབ་ལ་ཉེ་བས། མི་རེ་རེའི་ལག་པའི་ཤེད་ཉམས་ཤིང་། མི་རེ་རེའི་སྙིང་རྩ་འདར་བར་འགྱུར། དེ་དག་ཐམས་ཅད་དངངས་སྐྲག་སྐྱེ་བ་དང་། ཟུག་གཟེར་དང་སྡུག་བསྔལ་གྱིས་དེ་རྣམས་བཟུང་སྟེ་ཤིན་ཏུ་སྡུག་ལ་བསྒྱུར་ནས། ཕྲུ་གུ་བཙའ་བའི་བུད་མེད་བཞིན་དུ་དེ་ཚོས་དངངས་སྐྲག་གིས་ཕན་ཚུན་ལ་བལྟ་ཞིང་། གདོང་མདོག་དམར་པོ་མེ་ལྟར་ཡིན་ནོ། །
ལྟོས་དང་། དཀོན་མཆོག་ཡ་ཝཱེའི་ཉིན་མོ་སླེབ་ལ་ཉེ་ཞིང་། གདུག་རྩུབ་དང་ཞེ་སྡང་། ཐུགས་ཁྲོ་ཆེན་པོ་བཅས་ཀྱིས་ཡུལ་འདི་དབེན་སྟོང་ལ་འགྱུར་བར་བྱ་སྟེ། ཡུལ་འདིའི་སྡིག་ཅན་དག་མེད་པར་མཛད་དོ། ། 10 ནམ་མཁའི་སྐར་མ་དང་སྐར་ཚོམ་གྱིས་འོད་མི་སྤྲོ་ཞིང་། ཉི་མ་ཤར་མ་ཐག་ཏུ་མུན་ནག་འཐིབས། ཟླ་བས་ཀྱང་འོད་སྤྲོ་བར་མི་བྱ། 11 བདག་གིས་ས་གཞིའི་སྡིག་སྤྱོད་ཀྱི་ཕྱིར་དུ་ཉེས་ཆད་གཅོད་ཅིང་། མི་ངན་གྱི་སྡིག་པའི་ཕྱིར་དུ་དེ་ཚོར་ཉེས་ཆད་བཅད་ནས། བདག་གིས་རང་རློམ་ཅན་གྱི་ང་རྒྱལ་བཅག་སྟེ། གཏུམ་སྤྱོད་ཅན་གྱི་ཁེངས་དྲེགས་ཉམས་པར་བྱ། 12 བདག་གིས་མི་ནི་གསེར་བཙོ་མ་ལས་ཀྱང་ཉུང་བར་བྱེད་ཅིང་། མི་ནི་ཨོ་ཕིར་གྱི་གསེར་ལས་ཀྱང་ཁྱད་དུ་འཕགས་པར་བྱའོ། ། 13 བདག་ཤིན་ཏུ་ཐུགས་ཁྲོས་པའི་ཉིན་མོ་སྟེ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ཐུགས་ཁྲོས་པའི་ཉིན་མོར། བདག་གིས་ནམ་མཁའ་བསྒུལ་ཞིང་། ས་གཞི་འདར་ནས་རང་སར་འབྲལ་བར་བྱ། 14 དེ་ནས་མི་རྣམས་རྔོན་པས་བདའ་བའི་དགོ་བའམ། བདག་པོ་མེད་པའི་ལུག་ཁྱུ་བཞིན་རང་རང་གི་མི་རྣམས་ཀྱི་ཕྱོགས་སུ་འཁོར་ནས་རང་ཡུལ་དུ་འབྲོ་ངེས་ཡིན། 15 བདས་ནས་རྗེས་ཆོད་པ་ཐམས་ཅད་མཚོན་གྱིས་བསྣུན་ཞིང་། བཟུང་བ་ཐམས་ཅད་རལ་གྲིའི་ཁ་ནས་འགྱེལ་ལོ། ། 16 དེ་ཚོའི་ཕྲུ་གུ་རྣམས་རང་རང་གི་ཕ་མའི་མིག་ལམ་ནས་སར་བསྒྱེལ་ནས་འཆི་བ་དང་། དེ་ཚོའི་ཁང་པ་རྣམས་འཕྲོག་ཅིང་། དེ་ཚོའི་ཆུང་མ་རྣམས་ལའང་བཙན་གཡེམ་ཐེབས་པར་འགྱུར།
17 ལྟོས་དང་། མཱ་ཏི་པས་དངུལ་གྱི་ཁ་ངོར་མི་བལྟ་ཞིང་གསེར་ལའང་མི་དགའ་བས། བདག་གིས་མཱ་ཏི་པ་རྣམས་བསྐུལ་ནས་དེ་དག་ལ་རྒོལ་བར་འགྱུར། 18 དེ་དག་གི་གཞུ་ཡིས་གཞོན་ནུ་རྣམས་བསྒྱེལ་བ་དང་། དེ་དག་གིས་ཕྲུ་གུ་ལ་སྙིང་རྗེ་མི་བསྐྱེད་ཅིང་། མིག་གིས་བྱིས་པ་རྣམས་ལ་སྙིང་རྗེས་ཀྱང་མི་གཟིགས་སོ། ། 19 པཱ་པེལ་ལོན་ནི་རྒྱལ་ཁབ་ནང་ནས་བརྗིད་ཉམས་ཅན་དང་། ཀལ་དི་པས་གཟི་བརྗིད་དུ་རྩི་བ་ཞིག་ཡིན། དེ་ནི་དཀོན་མཆོག་གིས་ཕམ་པར་མཛད་པའི་ས་དོམ་དང་གཱ་མོ་ར་གཉིས་དང་འདྲའོ། ། 20 མི་རབས་ནས་མི་རབས་བར་མི་གཅིག་ཀྱང་ཡུལ་དེར་གནས་པར་མི་བྱ་སྟེ། ཨ་རབ་པས་གནས་དེ་རུ་སྦྲ་གུར་མི་ཕུབ་ཅིང་། ཕྱུགས་རྫི་རྣམས་ཀྱིས་ཀྱང་གནས་དེར་ཕྱུགས་འཚོ་བར་མི་བྱའོ། ། 21 ཡུལ་དེར་དབེན་སྟོང་གི་རི་དྭགས་རྣམས་འཚོ་ཞིང་ཉལ་བ་དང་། དེ་དག་གི་ཁང་པ་རྣམས་སུ་ཅེ་སྤྱང་གི་ཀུ་ཅོས་ཁེངས་ཏེ། རྔ་བྱ་དེ་རུ་སྡོད་ཅིང་། ར་རྒོད་རྣམས་དེ་རུ་མཆོང་རྒྱུག་བྱེད། 22 འཕར་སྤྱང་གི་ཚོགས་ཀྱིས་པཱ་པེལ་ལོན་གྱི་ཕོ་བྲང་དུ་ངར་སྐད་འདོན་ཞིང་། ཁྱི་སྤྱང་ནི་དེ་ཚོའི་ཡིད་དུ་འོང་བའི་འདུ་ཁང་ནང་ཟུག་པར་འགྱུར། པཱ་པེལ་ལོན་ལ་ཉེས་ཆེད་གཅོད་པའི་དུས་སླེབས་ཤིང་དུས་དེ་ནི་ཡུན་མི་རིང་ངོ་། །