ལེའུ་བཅུ་བདུན་པ།
དཱ་མེ་སེག་སྐོར་གྱི་ལུང་བསྟན།
དཱ་མེ་སེག་སྐོར་གྱི་བཀའ་ལུང་ནི་འདི་ལྟར། ལྟོས་དང་། དཱ་མེ་སེག་གྲོང་ཁྱེར་འདོར་བའི་དུས་ལ་སླེབས་པས་དེ་ནི་ཞིག་རོར་འགྱུར་ངེས་ཡིན། ཨར་ཨོར་གྱི་གྲོང་ཁྱེར་རྣམས་ཀྱང་བསྐྱུར་ནས་ཕྱུགས་འཚོ་སར་འགྱུར་ངེས་ལ། ལུག་ཁྱུ་རྣམས་དེ་རུ་ཉལ་ཡང་འདྲོག་སློང་མཁན་གཅིག་ཀྱང་མེད་དོ། ། ཨེ་ཕཱར་ཡིམ་གྱི་མཁར་བརྟན་པོ་རྣམས་བཤིག་ཅིང་། དཱ་མེ་སེག་གི་རྒྱལ་དབང་ཉམས་ཤིང་། ཨ་རམ་པའི་ཤུལ་ལུས་རྣམས་ཡེས་ར་ཨེལ་གྱི་གཟི་བརྗིད་བཞིན་དུ་ཡལ་བར་འགྱུར་ཞེས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
ཉིན་མོ་དེར་ཡ་ཀོབ་ཀྱི་གཟི་བྱིན་ཡལ་བར་གྱུར་ནས་དེའི་ཤ་རྒྱགས་པའི་ལུས་པོའང་སྐམ་པར་འགྱུར། དེ་ནི་ཞིང་རྔ་མཁན་གྱིས་སྟོན་ཐོག་བསྡུ་བ་དང་། ལག་པས་ལོ་ཏོག་ལེན་པ་དང་མཚུངས་ཤིང་། རེ་ཕཱ་ཨམ་ལུང་པ་ནས་ལུས་པའི་སྙེ་མ་འཐུ་བ་དང་ཡང་འདྲའོ། ། དེ་ནི་སྐྱུ་རུ་ཤིང་ལ་རྡུང་བ་བཞིན་དུ་ལུས་པའི་ཤིང་ཏོག་ཉུང་ངུ་མ་གཏོགས་མེད་དེ། སྡོང་རྩེ་རུ་ཤིང་ཏོག་གཉིས་གསུམ་མ་གཏོགས་ལུས་མེད་པ་དང་། ཤིང་ཏོག་མང་པོ་སྨིན་པའི་ཡལ་གའི་སྟེང་དུའང་བཞི་ལྔ་ཙམ་ལས་ལུས་པར་མི་འགྱུར་ཞེས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
ཉིན་དེར་མི་རྣམས་ཀྱིས་རང་ཉིད་མཛད་མཁན་ལ་རེ་ཞིང་། དེ་དག་གིས་ཡེས་ར་ཨེལ་གྱི་དམ་པ་ཁོང་ཉིད་དངོས་སུ་མཇལ་བར་འགྱུར། རང་གི་ལག་པས་བཟོས་པའི་མཆོད་ཁྲི་ལ་མི་རེ་ཞིང་། རང་གི་མཛུབ་མོས་བཟོས་པའི་ཨ་ཤེ་རཱ་དང་བདུག་སྤོས་སྒྲོན་སྟེགས་གང་ལའང་རེ་བར་མི་འགྱུར་རོ། །
ཉིན་མོ་དེར་ཡེས་ར་ཨེལ་གྱི་ཕྱིར་དུ་བསྐྱུར་བའི་མཁར་བརྟན་པོ་དག་ནི། ནགས་ཚལ་དང་རི་རྩེ་ནས་དོར་བའི་གནས་དང་མཚུངས་ཏེ་སྟོངས་ཤིང་མེད་པར་འགྱུར། 10 ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་རང་ཉིད་སྐྱོབ་མཁན་དཀོན་མཆོག་བརྗེད་པ་དང་། ཁྱོད་ཉིད་སྦས་ས་ཡིན་པའི་བྲག་རྡོ་དེ་མ་དྲན་པས། ཁྱོད་ཀྱིས་མཛེས་སྡུག་གི་མྱུ་གུ་དང་ཕྱི་རོལ་ཡུལ་ནས་ཁྱེར་འོངས་པའི་ལྗང་བུ་བཙུགས་ཤིང་། 11 ཡང་ཁྱོད་ཀྱིས་རྩི་ཤིང་འདེབས་པའི་ཉིན་མོར་གཟབ་ནན་གྱིས་མཐའ་ར་སྐོར་ཏེ། ཞོགས་པའི་དུས་སུ་ཁྱོད་ཀྱིས་བཏབ་པ་ལ་མེ་ཏོག་བཞད་ཀྱང་། སྡུག་བསྔལ་དང་རབ་ཏུ་སྐྱོ་བའི་དུས་སུ་བསྡུ་རྒྱུ་ཅི་ཡང་མེད་དོ། ། 12 ཀྱེ་མ། མཚོ་རླབས་འཕྱུར་བ་བཞིན་དུ་མི་རིགས་ཀུན་གྱིས་ཅ་ཅོ་སྒྲོག་ཅིང་། ཆུ་ལོག་རྒྱུག་པ་བཞིན་དུ་རྒྱལ་ཁབ་ཀུན་གྱིས་ང་རོ་སྒྲོག 13 ཆུ་བོ་མང་པོ་ཆིལ་ཆིལ་དུ་འབབ་པ་བཞིན་མི་རིགས་ཀུན་གྱིས་འུར་རྒྱག་པར་བྱེད། འོན་ཀྱང་དཀོན་མཆོག་གིས་ཁོ་ཚོར་བཀའ་བཀྱོན་གནང་སྟེ། དེ་རྣམས་ཐག་རིང་སར་བྲོས་ཀྱང་རྗེས་སུ་སྙེག་པར་གྱུར་ནས། དེ་དག་ནི་རི་ཁྲོད་ཀྱི་རླུང་ནང་གི་ཕུབ་མ་དང་། དྲགས་རླུང་གིས་འཁུར་བའི་ས་རྡུལ་བཞིན་ནོ། ། 14 ཀྱེ་ཧོ། ས་སྲོས་ཀྱི་དུས་སུ་དེ་དག་འཇིགས་ཤིང་སྐྲག་ནའང་། ཐོ་རངས་མ་སླེབས་སྔོན་ལ་དེ་དག་མེད་པར་འགྱུར། འདི་ནི་རང་ཅག་འཕྲོག་བཅོམ་བྱེད་མཁན་རྣམས་ཀྱི་བགོ་སྐལ་ཡིན་ཞིང་། རང་ཅག་འཕྲོག་པའི་མི་རྣམས་ལ་འཐོབ་འོས་པའི་ལན་ཡིན་ནོ། །