ལེའུ་ཉེར་གཉིས་པ།
ཡེ་རུ་སཱ་ལེམ་སྐོར་གྱི་ལུང་བསྟན་།
1 ཞལ་གཟིགས་ལུང་པའི་སྐོར་གྱི་བཀའ་ལུང་ནི་འདི་ལྟ་སྟེ། ཁྱོད་ཅག་ཐམས་ཅད་ལ་དོན་ཅི་ཞིག་བྱུང་སྟེ་ཁང་ཀླད་དུ་འགོས་པ་ཡིན་ནམ། 2 ཀྱེ་ཅ་ཅོ་དང་འདུ་འཛི། དགའ་སྤྲོས་བཀང་བའི་གྲོང་ཁྱེར། ཁྱོད་ཀྱི་ནང་དུ་བསད་པ་དག་ནི་རལ་གྲིས་བསད་པ་མ་ཡིན་ལ། དམག་སར་ཤི་བའང་མ་ཡིན། 3 ཁྱོད་ཀྱི་འགོ་དཔོན་རྣམས་ལྷན་དུ་བྲོས་ཤིང་། དེ་དག་ལ་མདའ་གཞུ་མེད་པས་འཛིན་བཟུང་ཐེབས་པ་དང་། དེ་དག་ཐག་རིང་དུ་བྲོས་ཀྱང་ཁྱོད་ལས་རྙེད་པ་ཐམས་ཅད་བཙོན་དུ་ཁྲིད། 4 དེ་བས་ངས་ཁྱོད་ཀྱི་མིག་གིས་ང་ལ་མ་ལྟ་ཞིག ང་རང་དྲག་ཏུ་ངུ་རུ་ཆུག ཡང་ངའི་འབངས་མེད་པར་བཟོས་པའི་རྐྱེན་གྱིས་ང་ལ་སེམས་གསོ་བྱེད་པར་མ་བྲེལ་ཞིག་ཅེས་པའོ། །
5 ཅིའི་ཕྱིར་ཞེ་ན། དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་ཞལ་གཟིགས་ལུང་པར་དངངས་སྐྲག་དང་རྡོག་བརྫིས། ཟང་ཟིང་གི་དུས་ཡོད་པར་མཛད་དེ། མཁར་རྣམས་བཤིག་ཅིང་། སྡུག་སྐད་རི་སྒང་དུ་སླེབས། 6 ཨེ་ལཱམ་པས་མདའ་ཤུབས་ཐོགས་ཏེ་ཤིང་རྟ་དང་རྟ་དམག་ཡོད་ལ། ཀིར་གྱི་དམག་མིས་ཕུབ་བཟུང་ནས་གྲ་སྒྲིག་བྱས་འདུག 7 ཁྱོད་ཀྱི་ལུང་པ་བཟང་པོའི་ནང་དུ་ཤིང་རྟ་ཡིས་གང་ཞིང་། དམག་རྟའི་ཚོགས་ཀྱང་མཁར་སྒོའི་མདུན་དུ་བསྒྲིགས་ཡོད། 8 ཁོང་གིས་ཡ་ཧུ་དཱའི་འགེབ་སྲུང་བསྣུར་ཅིང་། དུས་དེར་ཁྱོད་ཀྱིས་ནགས་ཚལ་མཛོད་ཁང་ནང་གི་མཚོན་ཆར་རེ་བ་བཅོལ་བ་ཡིན། 9 ཁྱོད་ཅག་གིས་དཱ་བིད་གྲོང་ཁྱེར་གྱི་མཁར་ཆག་མང་པོ་མཐོང་སྟེ། རྫིང་བུ་འོག་མ་ནས་ཆུ་དྲངས་ཤིང་། 10 ཁྱོད་རྣམས་ཀྱིས་ཡེ་རུ་སཱ་ལེམ་གྱི་ཁང་ཁྱིམ་རྣམས་བརྩིས་པ་དང་། དེ་དག་བཤིགས་ནས་མཁར་རྫོང་བརྩིགས། 11 རྫིང་བུ་རྙིང་པའི་ཆུ་གསོག་ཕྱིར་ཁྱོད་རྣམས་ཀྱིས་ཡང་མཁར་གཉིས་ཀྱི་བར་ནས་ཆུ་མཛོད་བཟོས། འོན་ཀྱང་ཁྱོད་ཀྱིས་དེ་མཛད་མཁན་གྱི་དཀོན་མཆོག་ལ་མ་བལྟས་ཤིང་། གནའ་ནས་ད་བར་དུ་དོན་འདི་མཛད་མཁན་གྱི་དཀོན་མཆོག་ཀྱང་མ་དྲན་ནོ། །
12 ཉིན་མོ་དེར་དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་མི་རྣམས་ངུ་ཞིང་སྨྲེ་སྔགས་འདོན་པ་དང་། མགོའི་སྐྲ་བཞར་ནས་རྩིད་རས་གྱོན་པར་དགོངས་པ་ཡིན། 13 ལྟོས་དང་། མི་རྣམས་ད་དུང་དགའ་ཞིང་སྐྱིད་པའི་ངང་ནས་གླང་དང་ལུག་བཤས་ཏེ། ཤ་བཟའ་བ་དང་རྒུན་ཆང་འཐུང་ནས་ན་རེ། རང་ཅག་གིས་བཟའ་བཏུང་སྤྱོད་དང་། ཅིའི་ཕྱིར་ཞེ་ན། སང་ཉིན་རང་ཅག་འཆི་བར་འགྱུར་ཞེས་པའོ། ། 14 དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་དངོས་སུ་ང་ལ་བསྟན་ཏེ་འདི་སྐད་དུ། སྡིག་པ་འདི་དག་ཁྱོད་འཆི་བའི་བར་དུ་འདག་པར་མི་བྱའོ་ཞེས་དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
15 དེ་ཡང་དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཕོ་བྲང་གི་ཕྱག་མཛོད་ཤེབ་ནཱའི་རྩར་སོང་ནས་ཁོ་ལ། 16 ཁྱོད་ཀྱིས་འདི་ནས་ཅི་བྱེད་པ་ཡིན་ནམ། ཁྱོད་ཀྱིས་རང་ཉིད་སུ་ཡིན་འདོད་དམ། ཁྱོད་ཀྱིས་འདི་ནས་རང་ལ་དུར་ཁུང་ཞིག་བརྐོས་ཏེ། མཐོ་ས་ནས་དུར་ཁུང་བརྐོས་ཏེ་བྲག་ཁུང་ནང་དུ་སྡོད་རྒྱུ་ཡིན་ནམ། 17 ལྟོས་ཤིག་དཔའ་བོ། དཀོན་མཆོག་ཡ་ཝཱེས་ཁྱོད་ཤུགས་ཀྱིས་འཕེན་ཞིང་། ཁོང་གིས་ཁྱོད་དམ་པོར་འཛིན་པར་འགྱུར། 18 ཁོང་གིས་ཁྱོད་ནི་གྲུ་གུ་ལྟར་རིལ་རིལ་བྱས་ནས་ཡངས་ཤིང་རྒྱ་ཆེ་བའི་གནས་ཤིག་ཏུ་འཕེན་པ་དང་། ཁྱོད་ཡུལ་དེར་ཤི་ནས་ཁྱོད་ཀྱི་ཤིང་རྟ་དཔལ་དང་ལྡན་པ་རྣམས་ཀྱང་ཡུལ་དེར་གནས་ཤིང་། ཁྱོད་ནི་རང་གི་བདག་པོའི་ཁྱིམ་གྱི་ངོ་ཚ་རུ་འགྱུར་རོ། ། 19 བདག་*འདིར་བདག་ཅེས་འབྱུང་བ་དཀོན་མཆོག་ཡ་ཝཱེ་ལ་གོ་བ་ཡིན།གིས་ཁྱོད་ཀྱི་དཔོན་གནས་བླངས་ཏེ། ཁྱོད་ནི་རང་གི་གོ་ས་ནས་མར་འབེབ་པར་འགྱུར། 20 ཉིན་མོ་དེར་ངས་ཧིལ་ཀི་ཡཱའི་བུ་སྟེ་ཉིད་ཀྱི་ཞབས་ཕྱི་ཨེལ་ཡ་ཀིམ་བོས་ནས། 21 བདག་གིས་ཁྱོད་ཀྱི་ཕྱི་གོས་དེ་ལ་བསྐོན་ནས་ཁྱོད་ཀྱི་སྐ་རགས་དེ་ལ་འཆིང་དགོས་པ་དང་། ཁྱོད་ཀྱི་དབང་ཆ་དེའི་ལག་ཏུ་སྤྲད་ནས། དེ་ནི་ཡེ་རུ་སཱ་ལེམ་དང་ཡ་ཧུ་དཱ་ཁྱིམ་རྒྱུད་ཀྱི་ཡབ་ཆེན་དུ་འགྱུར་ངེས་ཡིན། 22 ངས་དཱ་བིད་ཚང་གི་ལྡེ་མིག་ཁོའི་ཕྲག་པར་བཞག་†འདིར་ལྡེ་མིག་ཁོའི་ཕྲག་པར་བཞག་ཅེས་པ་ནི་སྐབས་དེའི་ལྡེ་མིག་རྣམས་ཧ་ཅང་ཆེ་ཞིང་ཐི་གུས་བསྡམས་ནས་ཕྲག་ལ་འཁུར་བ་ཡིན།སྟེ། དེས་ཕྱེས་པའི་སྒོ་ནི་སུས་ཀྱང་རྒྱག་མི་ཐུབ་ལ། དེས་བརྒྱབ་པའི་སྒོ་ནི་སུས་ཀྱང་འབྱེད་མི་ཐུབ། 23 ངས་དེ་ཕུར་པ་ལྟར་བརྡབས་ནས་བརྟན་པོར་མཛད་ཅིང་། དེ་ནི་ཕ་གཞིས་ཀྱི་བཞུགས་ཁྲི་གཟི་བརྗིད་ཅན་དུ་འགྱུར་བར་བྱའོ། ། 24 དེའི་ཕ་གཞིས་ཀྱི་གཟི་བརྗིད་ཐམས་ཅད་དེ། དེའི་བུ་ཕྲུག་དང་ཚ་རྒྱུད། ད་དུང་ཡོ་བྱད་སྣ་ཚོགས་ཏེ། ཕོར་པ་དང་བུམ་པ་བཅས་ཐམས་ཅད་ཁོ་ལ་བརྟེན་པར་འགྱུར། 25 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དུས་དེར། བརྟན་པོར་བརྡབས་པའི་ཕུར་པ་དེ་སྒུལ་ཞིང་བཅག་ནས་སར་ལྷུང་ཞིང་། དེའི་སྟེང་དུ་ཡོད་པའི་ཁུར་པོ་རྣམས་མེད་པར་འགྱུར། ཅིའི་ཕྱིར་ཞེ་ན། དཀོན་མཆོག་ཡ་ཝཱེས་དེ་ལྟར་གསུངས་སོ། །
*ལེའུ་ཉེར་གཉིས་པ།:19 འདིར་བདག་ཅེས་འབྱུང་བ་དཀོན་མཆོག་ཡ་ཝཱེ་ལ་གོ་བ་ཡིན།
†ལེའུ་ཉེར་གཉིས་པ།:22 འདིར་ལྡེ་མིག་ཁོའི་ཕྲག་པར་བཞག་ཅེས་པ་ནི་སྐབས་དེའི་ལྡེ་མིག་རྣམས་ཧ་ཅང་ཆེ་ཞིང་ཐི་གུས་བསྡམས་ནས་ཕྲག་ལ་འཁུར་བ་ཡིན།