ལེའུ་ཞེ་གསུམ་པ།
དཀོན་མཆོག་གིས་ཡེས་ར་ཨེལ་པར་གཟིགས་སྐྱོང་མཛད་པ།
1 ཡིན་ཡང་ཀྱེ་ཡ་ཀོབ། ཁྱོད་རང་སྐྲུན་མཁན་གྱི་དཀོན་མཆོག་ཡ་ཝཱེ་དང་། ཀྱེ་ཡེས་ར་ཨེལ། ཁྱོད་རང་བཟོ་མཁན་གྱི་གཙོ་བོས་ད་ལྟ་འདི་སྐད་དུ། ངས་ཁྱོད་རང་བསྐྱབས་པས་མ་འཇིགས་ཤིག ངས་ཁྱོད་ཀྱི་མིང་ནས་ཁྱོད་རང་བོས་པས། ཁྱོད་ནི་ང་ལ་གཏོགས་སོ། ། 2 ཁྱོད་རང་ཆུ་བོ་བརྒྱུད་ནས་འགྲོ་དུས་སུ་ང་རང་ཁྱོད་དང་མཉམ་དུ་ཡོད། ཁྱོད་རང་གཙང་པོར་བརྒལ་དུས་སུ་ཆུ་ཡིས་ཁྱོད་བསྣུབ་པར་མི་འགྱུར། ཁྱོད་མེའི་དཀྱིལ་ནས་འགྲོ་དུས་སུ་འཚིག་པར་མི་འགྱུར་ལ། མེ་ལྕེ་ཡང་ཁྱོད་ཀྱི་སྟེང་དུ་འབར་བར་མི་འགྱུར་རོ། ། 3 གང་ལ་ཞེ་ན། བདག་ནི་ཁྱོད་ཀྱི་དཀོན་མཆོག་ཡ་ཝཱེ་དང་། ཡེས་ར་ཨེལ་གྱི་དམ་པ་ཉིད། ཁྱོད་ཀྱི་སྐྱབས་མགོན་བཅས་ཡིན་ལ། ངས་ཨེ་ཅིབ་ཁྱོད་ཀྱི་བླུ་རིན་དུ་བྱས་ཤིང་། གུ་ཤ་དང་སེ་བཱ་གཉིས་ཁྱོད་ཀྱི་ཚབ་ཏུ་སྤྲད་པ་ཡིན། 4 གང་ལ་ཞེ་ན། ཁྱོད་ནི་ངའི་མིག་ལམ་དུ་ཤིན་ཏུ་རྩ་ཆེ་ཞིང་གལ་ཆེན་པོ་ཡིན་པས། ངས་ཁྱོད་གཅེས་སུ་འཛིན་ཞིང་། ངས་ཁྱོད་ཀྱི་ཚབ་ཏུ་མི་གཞན་དང་། མི་རིགས་གཞན་ཁྱོད་ཀྱི་ཚེ་སྲོག་ལ་བརྗེས་པ་ཡིན། 5 ང་ཁྱོད་དང་མཉམ་དུ་ཡོད་པས་མ་འཇིགས་ཤིག ངས་ཁྱོད་ཀྱི་བུ་རྒྱུད་རྣམས་ཤར་ཕྱོགས་ནས་འཁྲིད་འོང་ཞིང་། ནུབ་ཕྱོགས་ནས་ངས་ཁྱོད་བསྡུ་འོང་ངེས་ཡིན། 6 ངས་བྱང་ཕྱོགས་ལ། དེ་དག་སྤྲོད་ཤོག་ཅེས་དང་། ཡང་ལྷོ་ཕྱོགས་ལ་དེ་དག་མ་འགོག་ཅིག་ཅེས་སྨྲས་ཏེ་རྒྱང་རིང་ཡུལ་ནས་ངའི་བུ་རྣམས་དང་། ས་མཐའ་ནས་ངའི་བུ་མོ་རྣམས་ཕྱིར་འཁྲིད་འོང་ངོ་། ། 7 དེ་རྣམས་ནི་ངའི་མིང་ཐོགས་པའི་མི་ཡིན་པ་དང་། ངས་རང་གི་གཟི་བརྗིད་ཀྱི་དོན་དུ་བསྐྲུན་ལ། ངས་བཟོས་ཤིང་བཀོད་པའོ་ཞེས་གསུངས་སོ། །
8 ཁྱོད་ཀྱིས་མིག་དང་ལྡན་པའི་ལོང་པ་རྣམས་དང་། རྣ་བ་ཡོད་པའི་འོན་པ་རྣམས་ཕྱི་རུ་ཁྲིད་ཤོག་ཅིག 9 རྒྱལ་ཁམས་ཀུན་ཕྱོགས་གཅིག་ཏུ་འདུས་ནས་མི་སྡེ་ཀུན་འཛོམས་ཀྱང་། དེ་རྣམས་ལས་དོན་འདི་འཆད་ནུས་པ་སུ་ཡོད་དམ། སྔར་གྱི་དོན་རྣམས་རང་ཅག་ལ་བསྒྲག་ཐུབ་པ་སུ་ཡོད་དམ། རང་གི་དྲང་བདེན་མངོན་ཞིང་། མི་གཞན་ལ་ཐོས་སུ་བཅུག་སྟེ་འདི་ནི་བདེན་ནོ་ཞེས་སྨྲ་བའི་ཕྱིར། དེ་དག་ལ་རང་གི་དཔང་པོ་འཁྲིད་འོང་དུ་ཆུག 10 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཅག་ནི་ངའི་དཔང་པོ་དང་། ངས་བདམས་པའི་ཞབས་ཕྱི་ཡིན་ཏེ། ཁྱོད་ཅག་གིས་ང་ཤེས་ཤིང་ང་ལ་བློ་གཏད་བཅོལ་བ་དང་། ང་ནི་ཁོང་ཉིད་ཡིན་པ་རྟོགས་པའི་ཕྱིར་རོ། །ངའི་སྔོན་ལ་ལྷ་གཅིག་ཀྱང་བཟོས་མེད་ལ། ངའི་རྗེས་སུའང་གང་ཡང་འབྱུང་མི་སྲིད་དོ། ། 11 བདག་གཅིག་པུ་དཀོན་མཆོག་ཡ་ཝཱེ་ཡིན། ང་མ་གཏོགས་སྐྱབས་མགོན་གཞན་ཞིག་མེད། 12 ཁྱོད་ཅག་གི་ཁྲོད་དུ་ལྷ་གཞན་ཞིག་མེད་ཅེས་བདག་གིས་སྔར་ནས་ལུང་བསྟན་ཅིང་། བདག་གིས་སྔར་ནས་བསྐྱབས་པ་དང་། ཡང་བདག་གིས་སྔར་ནས་ཁྱོད་རྣམས་ལ་བསྒྲགས་པ་ཡིན་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་ཤིང་། ཁྱོད་རྣམས་ངའི་བདེན་དཔང་ཡིན་ལ། ང་ནི་དཀོན་མཆོག་ཡིན། 13 དུས་ཀྱི་ཐོག་མ་ནས་ང་ནི་ཁོང་ཉིད་ཡིན། ངའི་ལག་ནས་ཐར་དུ་འཇུག་ཐུབ་མཁན་སུ་ཡང་མེད་ལ། ངས་དོན་སྒྲུབ་པ་སུ་ཡིས་ཟློག་ནུས་སམ་ཞེས་གསུངས་སོ། །
པཱ་པེལ་ལོན་རྩ་མེད་དུ་གཏོང་བར་ལུང་བསྟན་པ།
14 ཁྱོད་ཅག་གི་སྐྱབས་མགོན་དང་ཡེས་ར་ཨེལ་གྱི་དམ་པ་ཉིད་དེ་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཅག་གི་དོན་དུ་ངས་པཱ་པེལ་ལོན་ལ་མི་མངགས་པ་དང་། ངས་ཀལ་དི་པ་ཐམས་ཅད་ཡུལ་བྱོལ་པ་བཞིན་དུ་མར་འོང་དུ་འཇུག་པ་སྟེ། དེ་རྣམས་ནམ་རྒྱུན་ཁོ་ཚོས་རང་བསྟོད་བྱེད་པའི་གྲུ་གཟིངས་ལ་བསྡད་ནས་མར་འོང་བར་བྱ། 15 བདག་ནི་ཡ་ཝཱེ་སྟེ། ཁྱོད་ཅག་གི་དམ་པ་ཉིད་དང་ཡེས་ར་ཨེལ་གྱི་བྱེད་པོ། ཁྱོད་ཅག་གི་རྒྱལ་པོ་བཅས་ཡིན་ཞེས་གསུངས་སོ། །
16 དཀོན་མཆོག་ཡ་ཝཱེས་རྒྱ་མཚོའི་ནང་དུ་བགྲོད་ལམ་ཞིག་དང་། ཆུ་ཆེན་རྣམས་བརྒྱུད་ནས་རྐང་ལམ་ཞིག་བཏོད་ཅིང་། 17 ཁོང་གིས་ཤིང་རྟ་དང་རྟ། དམག དཔའ་རྒོད་བཅས་ཕྱི་རུ་དྲངས་ནས། དེ་རྣམས་སར་ཉལ་ཞིང་ཡང་བསྐྱར་ཡར་ལང་མི་ནུས་ལ། དེ་དག་སྡོང་རས་ཟད་པ་བཞིན་ཚར་ཞིང་མེད་པར་གྱུར། 18 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཚོས་འདས་ཟིན་པའི་དོན་རྣམས་མི་དྲན་པར་གྱིས། གནའ་བོའི་དོན་རྣམས་ལའང་བསམ་མནོ་མི་གཏོང་བར་བྱའོ། ། 19 ལྟོས་དང་། ངས་དོན་གསར་པ་ཞིག་རྩོམ་སྟེ་ད་ལྟ་འབྱུང་བར་འགྱུར་ལ། ཁྱོད་རྣམས་ཀྱིས་ད་དུང་མི་རྟོགས་སམ། ངས་དབེན་སྟོང་ཡུལ་ནས་ལམ་ཞིག་གཏོད་ཅིང་ས་སྟོང་ནས་ཆུ་བོ་རྣམས་འདོན་པར་བྱ། 20 ས་སྟེང་གི་རི་དྭགས་ཀྱིས་ང་ལ་བཀུར་ཞིང་། ཁྱི་སྤྱང་དང་རྔ་བྱ་དག་གིས་ཀྱང་དེ་བཞིན་བྱེད་ངེས་ཡིན། གང་ལ་ཞེ་ན། རང་གིས་བདམས་པའི་མི་སྡེ་ལ་འཐུང་ཆུ་ཡོད་པའི་ཕྱིར་དུ། ངས་དབེན་སྟོང་ནས་ཆུ་དང་ས་སྟོང་ནས་གཙང་པོ་ཡོད་པར་བྱས་སོ། ། 21 ངས་རང་གི་ཆེད་དུ་བཀོད་པའི་མི་རྣམས་ཀྱིས་ང་ལ་མངོན་པར་བསྟོད་པའི་ཕྱིར་དེ་ལྟར་བྱས་པའོ། །
22 ཡིན་ཡང་ཀྱེ་ཡ་ཀོབ། ཁྱོད་ཀྱིས་ང་ལ་འོ་དོད་མ་བོས། ཀྱེ་ཡེས་ར་ཨེལ། ཁྱོད་ང་ལ་སུན་སྣང་སྐྱེས་པའོ། ། 23 ཁྱོད་ཀྱིས་སྦྱིན་སྲེག་གི་མཆོད་པར་འབུལ་བའི་ལུག་ཐུག་ང་ལ་འཁྱེར་མ་འོང་ལ། ཁྱོད་ཀྱི་མཆོད་རྫས་ཀྱིས་ང་ལ་བཀུར་བའང་མ་བྱས། ཁྱོད་ཅག་གིས་མཆོད་པ་འབུལ་བར་ངས་ཁུར་བོ་མ་བཀལ་ལ། སྤོས་དཀར་འབུལ་ཕྱིར་ཁྱོད་ལ་སུན་སྣང་མ་བསྐྱེད། 24 དངུལ་གྱིས་ང་ལ་ཤུ་དག་ཁྱོད་ཀྱིས་མ་ཉོས་ཤིང་། མཆོད་པའི་ཚིལ་གྱིས་ང་ཡིད་ཚིམ་པར་ཡང་མ་བྱས། ཁྱོད་ཀྱིས་རང་གི་སྡིག་པས་ང་ལ་ཁུར་བོ་བཀལ་ཞིང་། རང་གི་ཉེས་པས་ང་ལ་སུན་སྣང་བསྐྱེད་པའོ། །
25 ངས་རང་ཉིད་ཀྱི་དོན་དུ་ཁྱོད་ཀྱི་སྡིག་ཉེས་སེལ་ཞིང་། ཁྱོད་ཀྱི་སྡིག་པ་རྣམས་དྲན་པར་ཡང་མི་བྱ། 26 ཁྱོད་ཀྱིས་ང་ལ་དྲན་སྐུལ་བྱོས་དང་། ང་ཚོས་མཉམ་དུ་རྩོད་གླེང་བྱེད། ཡང་རང་ཉིད་དྲང་བདེན་ཡིན་པ་མཚོན་ཕྱིར། ཁྱོད་ཀྱི་དོན་རྐྱེན་རྣམས་མདུན་དུ་ཤོམས་དང་། 27 ཁྱོད་ཀྱི་ཕ་མེས་ཀྱིས་སྡིག་པ་བྱས་ཤིང་། ཁྱོད་ཀྱི་མགྲིན་ཚབ་པ་རྣམས་ཀྱིས་ང་ལ་ངོ་ལོག་བྱས། 28 དེ་བས་ངས་གནས་དམ་པའི་འགོ་དཔོན་རྣམས་ངོ་ཚར་གཏོད་ཅིང་། ཡ་ཀོབ་ལ་གཏོར་བཤིག་ཐེབས་པ་དང་། ཡེས་ར་ཨེལ་ནི་འཕྱ་བའི་ཡུལ་དུ་འགྱུར་བར་བྱའོ་ཞེས་གསུངས་སོ། །