ལེའུ་ལྔ་བཅུ་པ།
ཡེས་ར་ཨེལ་གྱི་སྡིག་པ་དང་ཞབས་ཕྱིའི་བཀུར་སྟི།
དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ངས་ཁྱོད་རྣམས་ཀྱི་མ་དོར་བས་འཐོར་ཡིག་གང་དུ་ཡོད་དམ། ཡང་ན་བདག་གིས་རང་གི་བུན་བདག་སུ་ལ་ཁྱོད་རྣམས་བཙོངས་པ་ཡིན་ནམ། ལྟོས་ཤིག ཁྱོད་རྣམས་ཀྱི་སྡིག་པའི་རྐྱེན་གྱིས་ཁྱོད་ཅག་བཙོངས་པ་ཡིན་ལ། ཁྱོད་རྣམས་ཀྱི་ཉེས་པའི་དབང་གིས་ཁྱོད་ཅག་གི་མ་ཡང་དོར་བ་ཡིན། བདག་སླེབས་དུས་མི་སུ་ཡང་མེད་པ་ཅི་ཡིན་ནམ། བདག་གིས་འབོད་ཚེ་ལན་སྟེར་མཁན་མེད་པ་ཅི། བདག་གི་ལག་པར་ནུས་པ་མེད་པས་བླུ་མ་ཐུབ་པ་ཡིན་ནམ། ཡང་ན་བདག་ལ་སྐྱོབ་པའི་མཐུ་སྟོབས་མེད་པ་ཡིན། ལྟོས་ཤིག ངས་གཤེ་གཤེ་བཏང་བས་རྒྱ་མཚོ་སྐམ་ཞིང་། གཙང་པོ་རྣམས་དབེན་སྟོང་དུ་བསྒྱུར། ཉ་རྣམས་ལ་ཆུ་མེད་པས་དྲི་ངན་འཐུལ་ཞིང་སྐོམ་པས་འཆིའོ། ། ངས་ནམ་མཁའ་མུན་ནག་ལ་གཡོག་ཏུ་འཇུག་ཅིང་། དེ་དག་རྩིད་རས་ཀྱིས་འགེབས་པར་བྱའོ་ཞེས་གསུངས་སོ། །
ངས་ཉམ་ཐག་རྣམས་ལ་གཏམ་གླེང་ནས་ཇི་ལྟར་སྐྱོང་བ་རྟོགས་པའི་ཆེད་དུ་གཙོ་བོ་ཡ་ཝཱེས་བསླབ་བྱ་ལེན་པའི་ལྗགས་ལྕེ་ང་ལ་གནང་ཞིང་། ཁོང་གིས་ཞོགས་པ་རེ་རེར་ང་གཉིད་ལས་བསླངས་ཏེ། བསླབ་བྱ་ལེན་པའི་སྐྱེས་བུ་བཞིན་ངའི་རྣ་བ་སྤྱང་པོར་མཛད་ཡོད། གཙོ་བོ་ཡ་ཝཱེས་ངའི་རྣ་བ་ཕྱེས་པས་ངས་རྒྱབ་འགལ་མ་བྱས་ལ། འགོག་རྒོལ་ཡང་མ་བྱས་སོ། ། རྡུང་རྡེག་གཏོང་མཁན་ལ་ངས་རང་གི་རྒྱབ་དང་། ཨག་ཚོམ་འཐེན་མཁན་ལ་རང་ཉིད་ཀྱི་མཁུར་ཚོས་གཏད་པ་ཡིན། འཕྱ་སྨོད་བྱེད་མཁན་དང་མཆིལ་མ་འདེབས་མཁན་ལ་ངས་རང་གི་ངོ་གདོང་མ་སྦས་སོ། །
ཅིའི་ཕྱིར་ཞེ་ན། གཙོ་བོ་ཡ་ཝཱེས་ང་ལ་མགོན་སྐྱབས་མཛད་པས་བདག་ངོ་ཚ་བར་མི་འགྱུར་ཞིང་། དེ་བས་ངས་རང་གི་ངོ་གདོང་མེ་རྡོ་ལྟར་བཀོད་དེ། ང་ཁ་སྐྱེངས་པར་མི་འགྱུར་བ་ངས་ཤེས་ཡོད། ང་ལ་དག་འབུད་མཛད་མཁན་ཁོང་ཉིད་བདག་གི་ཉེ་སར་ཡོད་པས། ང་ལ་ཐུབ་ཚོད་བྱེད་མཁན་སུ་ཞིག་མཆིས། རང་ཅག་མཉམ་དུ་ཡར་ལང་བར་བྱ། ངའི་ཉེ་སར་ཤོག་དང་། ང་ལ་སྐྱོན་འདོན་མཁན་སུ་ཡོད། ལྟོས་དང་། གཙོ་བོ་ཡ་ཝཱེས་ང་ལ་མགོན་སྐྱབས་མཛད་པས། སུས་ང་ལ་ཉེས་པ་འཛུགས་ནུས་སམ། ལྟོས་དང་། དེ་དག་ཐམས་ཅད་གོས་རྙིང་ལྟར་གྱུར་ནས་མུག་པས་བཟའ་བར་འགྱུར་རོ། །
10 ཁྱོད་ཅག་གི་ཁྲོད་དུ་དཀོན་མཆོག་ཡ་ཝཱེར་གུས་ཤིང་འཇིགས་པ་དང་། ཁོང་གི་ཞབས་ཕྱིའི་ངག་ལ་ཉན་མཁན་སུ་ཡོད་དམ། འོད་ཟེར་མེད་པའི་མུན་ནག་ནང་དུ་བགྲོད་མཁན་སུ་ཡོད་དམ། དེས་དཀོན་མཆོག་ཡ་ཝཱེའི་མཚན་ལ་དད་ཅིང་། རང་གི་དཀོན་མཆོག་ལ་བརྟེན་པར་འོས། 11 ལྟོས་ཤིག རང་གི་ཆེད་དུ་མེ་སྦར་ནས་དཔལ་འབར་གྱིས་རང་ཉིད་སྐོར་མཁན་ཁྱོད་རྣམས་སོ་སོའི་མེ་ཡི་འོད་དང་རང་གིས་སྦར་བའི་དཔལ་འབར་ཁྲོད་དུ་སྐྱོད་ཅིག དེ་ནི་བདག་གི་ལག་ནས་ཁྱོད་ཅག་ལ་ཐོབ་པར་འདོད་པ་ཡིན་ཏེ། ཁྱོད་རྣམས་སྡུག་བསྔལ་ནང་དུ་ལོག་ནས་སྡོད་པར་འགྱུར་རོ། །