ལེའུ་ང་གཉིས་པ།
དཀོན་མཆོག་ཡ་ཝཱེའི་ཐར་པ་སླེབས་པ།
1 ཀྱེ་ཛ་ཡན། སད་པར་གྱིས། སད་པར་གྱིས། རང་གི་སྟོབས་ཤུགས་ལུས་ལ་གྱོན་ཞིག ཀྱེ་གྲོང་ཁྱེར་དམ་པ་ཡེ་རུ་སཱ་ལེམ། ཁྱོད་ཀྱི་འཕྱོར་གོས་གྱོན་དང་། ཅིའི་ཕྱིར་ཞེ་ན། ད་ནི་མཚན་སྐྱི་བཅད་མེད་པ་དང་མི་གཙང་བ་གཅིག་ཀྱང་ཁྱོད་ཀྱི་ནང་དུ་འོང་བར་མི་བྱའོ། ། 2 ཀྱེ་ཡེ་རུ་སཱ་ལེམ། ས་རྡུལ་སྤྲུགས་ནས་ཡར་ལངས་ཏེ་རང་སར་སྡོད་ཅིག ཀྱེ་བཙོན་དུ་ཡོད་པའི་ཛ་ཡན་གྱི་བུ་མོ། ཁྱོད་ཀྱི་སྐེ་ལ་བསྐོན་པའི་ལྕགས་ཐག་ལྷོད་ཅིག
3 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཅག་རིན་ཅི་ཡང་མེད་པར་བཙོངས་པ་ལྟར། རིན་དངུལ་མེད་པར་བླུ་བར་འགྱུར་ཞེས་གསུངས། 4 གཙོ་བོ་ཡ་ཝཱེས་འདི་སྐད་དུ། བདག་གི་མི་སྡེ་ཐོག་མར་ཨེ་ཅིབ་ཡུལ་དུ་འཁྱམས་ཤིང་དེར་བྱེས་སུ་བསྡད་དེ། རྗེས་སུ་ཨ་སུར་པས་དོན་མེད་དུ་དེ་དག་ལ་གཉའ་གནོན་བྱས་པ་རེད། 5 དེ་བས་ད་ལྟ་བདག་གིས་འདི་ནས་ཅི་བྱེད་ཅེས་གསུངས་ཤིང་། ཡང་ཁོང་གིས་འདི་སྐད་དུ། བདག་གི་མི་རྣམས་རིན་ཅི་ཡང་མེད་པར་བཙོན་དུ་ཁྲིད། དེ་དག་དབང་དུ་སྒྱུར་མཁན་གྱིས་སྐད་ཆེན་པོས་ངར་སྐད་བསྒྲགས་ཞེས་གསུངས། ཡང་ཁོང་གིས་འདི་སྐད་དུ། བདག་གི་མིང་ལ་དུས་རྒྱུན་དུ་མཐོང་ཆུང་བྱས་སོ། ། 6 དེའི་ཕྱིར་བདག་གི་མི་སྡེས་ངའི་མིང་རྟོགས་ཤིང་། ཉིན་དེར་དེ་བཞིན་བརྗོད་མཁན་བདག་ཡིན་པ་དེ་དག་གིས་ངོས་ཟིན་པར་འགྱུར། ལྟོས་དང་ང་ཡིན་ནོ་ཞེས་གསུངས་སོ། །
7 འཕྲིན་བཟང་འཆད་ཅིང་ཞི་བདེ་སྒྲོག་མཁན་དང་། བདེ་སྐྱིད་ཀྱི་འཕྲིན་བཟང་འཆད་ཅིང་ཐར་པ་སྟོན་མཁན། ཡང་ཁྱོད་ཀྱི་དཀོན་མཆོག་རྒྱལ་པོར་བཞུགས་པ་ཡིན་ཞེས་ཛ་ཡན་ལ་སྒྲོག་མཁན་དེའི་རྐང་པ་ནི་རི་བོ་རྣམས་ཀྱི་སྟེང་དུ་ཇི་འདྲའི་མཛེས་ཨང་། 8 ཁྱོད་ཀྱི་སོ་པ་དག་གི་འབོད་སྒྲར་ཉོན་ཅིག ཁོ་ཚོས་སྐད་ཆེན་པོས་དགའ་སྤྲོའི་ཀི་ཅོ་མཉམ་དུ་སྒྲོག་སྟེ། ཅིའི་ཕྱིར་ཞེ་ན། དཀོན་མཆོག་ཡ་ཝཱེ་ཛ་ཡན་ལ་ཕྱིར་ཕེབས་དུས་ཁོ་ཚོས་དངོས་སུ་མཇལ་ངེས་ཡིན། 9 ཀྱེ་ཡེ་རུ་སཱ་ལེམ་གྱི་ཞིག་རལ་རྣམས། དགའ་སྤྲོའི་ཀི་སྒྲ་མཉམ་དུ་སྒྲོགས་དང་། ཅིའི་ཕྱིར་ཞེ་ན། དཀོན་མཆོག་ཡ་ཝཱེས་རང་གི་མི་སྡེ་ལ་སེམས་གསོ་མཛད་ཅིང་། ཁོང་གིས་ཡེ་རུ་སཱ་ལེམ་བསྐྱབས་པ་ཡིན། 10 རྒྱལ་ཕྲན་ཡོངས་ཀྱི་མིག་མདུན་དུ་དཀོན་མཆོག་ཡ་ཝཱེས་རང་གི་ཕྱག་ངར་དམ་པ་རྗེན་པར་ངོམ་ནས། ས་མཐའ་ཡོངས་ཀྱིས་ང་ཚོའི་དཀོན་མཆོག་གི་ཐར་པ་མཐོང་བར་འགྱུར་རོ། །
11 ཆས་ཤིག ཆས་ཤིག ཁྱོད་རྣམས་གནས་དེ་ནས་ཕྱི་ལ་ཆས་ཤིག མི་གཙང་བ་རྣམས་ལ་མི་རེག་པར་ཕྱི་ལ་ཆས་ཤིག དཀོན་མཆོག་ཡ་ཝཱེའི་མཆོད་ཆས་འཁུར་མཁན་ཁྱོད་རྣམས་པཱ་པེལ་ལོན་གྲོང་ཁྱེར་ནས་ཕྱི་རུ་ཡོང་སྟེ་རང་ཉིད་གཙང་མར་གྱིས་ཤིག 12 ཁྱོད་རྣམས་བྲེལ་འཚུབ་ངང་ནས་ཕྱི་རུ་ཡོང་མི་དགོས་ལ། ཁྱོད་རྣམས་བྲོས་བྱོལ་ཚུལ་དུའང་འགྲོ་མི་དགོས། ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེ་ཁྱོད་ཀྱི་མདུན་ནས་ཕེབས་ཤིང་། ཡེས་ར་ཨེལ་གྱི་དཀོན་མཆོག་ཁྱོད་ཀྱི་རྒྱབ་རྟེན་ཡིན་ནོ། །
ཁོང་གིས་བདག་ཅག་གི་སྡིག་ཉེས་བཤགས་པ།
13 ལྟོས་དང་། བདག་གི་ཞབས་ཕྱིས་གང་སྤྱད་འགྲུབ་པ་དང་། *འདིར་བདག་གི་ཞབས་ཕྱིས་གང་སྤྱད་འགྲུབ་པ་དང་ཞེས་པར་འགྱུར་ལ་ལར་བདག་གི་ཞབས་ཕྱི་ལ་ཤེས་རབ་ལྡན་ཞིང་ཞེས་མཐོང་། ཁོ་ལ་བཀུར་སྟི་འཐོབ་ཅིང་མཐོ་བར་བཏེགས་ནས་རབ་ཏུ་འཕགས་པར་འགྱུར་ཞིང་། 14 དེའི་བྱད་བཞིན་ལ་རྨས་སྐྱོན་ཕོག་ནས་མི་དང་མི་འདྲ་ལ། ཆ་བྱད་བརླགས་ནས་འཇིག་རྟེན་པ་དང་མཚུངས་པ་མིན་པས། མི་མང་པོས་ཁོང་ལ་བལྟས་ནས་ངོ་མཚར་བར་འགྱུར། 15 ཁོང་གིས་རྒྱལ་ཕྲན་རྣམས་ངོ་མཚར་བར་བྱ་སྟེ། ཁོང་གི་རྐྱེན་གྱིས་རྒྱལ་པོ་རྣམས་ཀྱིས་ཁ་བཙུམ་པར་འགྱུར། ཅི་ལ་ཞེ་ན། དེ་དག་གིས་རང་ལ་བཤད་མེད་པ་རྣམས་མཐོང་ཞིང་། ཐོས་མྱོང་མེད་པ་རྣམས་ཀྱང་རྟོགས་པར་འགྱུར་བའོ། །
*ལེའུ་ང་གཉིས་པ།:13 འདིར་བདག་གི་ཞབས་ཕྱིས་གང་སྤྱད་འགྲུབ་པ་དང་ཞེས་པར་འགྱུར་ལ་ལར་བདག་གི་ཞབས་ཕྱི་ལ་ཤེས་རབ་ལྡན་ཞིང་ཞེས་མཐོང་།