༄༅། །ཡ་ཀོབ་ཀྱི་འཕྲིན་ཡིག
ཡ་ཀོབ་ཀྱི་འཕྲིན་ཡིག་གི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཡ་ཀོབ་ཀྱི་འཕྲིན་ཡིག་འདི་ལ་ཡ་ཧུ་དཱ་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པས། འཕྲིན་ཡིག་འདི་ནི་ཆོས་ཚོགས་ཀྱི་མི་ཕལ་ཆེ་བ་ཡ་ཧུ་དཱའི་མི་རིགས་ཀྱི་དད་ལྡན་པ་ཡིན་པའི་སྐབས་སུ་ཡི་གེར་བཀོད་པ་རེད། འཕྲིན་ཡིག་འདི་ལས་ཆོས་ཚོགས་ཀྱི་རྒྱུན་སྲོལ་ལ་གོ་རིམ་ལྡན་པ་དང་། གཞུང་འདིའི་ནང་དུ་ཕྱི་ཕྱོགས་པས་མཚན་སྐྱི་གཅོད་དགོས་མིན་སྐོར་ལ་རྩོད་གླེང་གང་ཡང་བྱས་མེད། ཡ་ཀོབ་ཀྱི་འཕྲིན་ཡིག་ནས་ཡ་ཧུ་དཱའི་འཕྲིན་ཡིག་བར་དུ་འཕྲིན་ཡིག་བདུན་ཡོད་ལ། དེ་དག་ནི་ཡེ་ཤུའི་ཆོས་ལུགས་པ་ཡོངས་ལས་དམིགས་བསལ་གྱི་ཆོས་ཚོགས་གང་ལའང་བསྐུར་མེད་པས། འཕྲིན་ཡིག་བདུན་པོ་དེ་རྣམས་ལ་སྤྱི་ཁྱབ་ཀྱི་འཕྲིན་ཡིག་ཅེས་བཏགས་ཡོད།
ཡི་གེར་འགོད་མཁན་དང་འགོད་དུས།
འཕྲིན་ཡིག་འདི་ཡི་གེར་འགོད་མཁན་ནི་ཡ་ཀོབ་ཁོང་རང་ཉིད་ཡིན་པར་ངོས་བཟུང་ཡོད་ལ། ཁོང་ནི་སྐྱབས་མགོན་ཡེ་ཤུའི་སྐུ་མཆེད་དང་ཡེ་རུ་སཱ་ལེམ་གྲོས་ཚོགས་ཀྱི་འགོ་ཁྲིད་ཡིན་པར་འདོད། ཐོག་མར་ཡ་ཀོབ་ནི་སྐྱབས་མགོན་ཡེ་ཤུ་ལ་དད་པ་མེད་པར་མ་ཟད། ཁོང་ལ་རྩོད་པ་བྱས་ཤིང་སྐྱབས་མགོན་ཡེ་ཤུའི་ཆོས་ཀྱི་མཛད་དོན་ལ་གོ་ལོག་ཐེབས་ཡོད། རྗེས་སུ་ཁོང་དད་ལྡན་པ་རྣམ་དག་ཞིག་ཏུ་གྱུར་བར་མ་ཟད་ཆོས་ཚོགས་ཀྱི་མི་སྣ་གལ་ཆེན་ཞིག་ཏུ་ཡང་གྱུར་པ་རེད། ཡ་ཀོབ་ཀྱི་འཕྲིན་ཡིག་འདི་ནི་སྤྱི་ལོ་48ལོའི་ཡས་མས་སུ་ཡི་གེར་བཀོད་པ་དང་། མ་མཐའ་ཡང་སྤྱི་ལོ་50ལོའི་ཡར་སྔོན་ཡིན་པར་གདོན་མི་ཟ།
བརྗོད་སྙིང་དང་གསུང་འཕྲིན།
ཡ་ཀོབ་ནི་ཡེ་རུ་སཱ་ལེམ་ཆོས་ཚོགས་ཀྱི་འགོ་ཁྲིད་ཡིན་པ་བཞིན། ཁོང་གིས་ཁ་ཐོར་དུ་ཕྱིན་པ་དང་དཀའ་ངལ་ལ་ཐུག་ཡོད་པའི་རང་གི་མི་རྣམས་ལ་ཆོས་ཚོགས་ཀྱི་བདག་སྐྱོང་པ་ནང་བཞིན་སློབ་སྟོན་གནང་བ་དང་། དེ་རྣམས་ཀྱི་སྙིང་སྟོབས་བསྐྱེད་པའི་ཆེད་དུ་འཕྲིན་ཡིག་འདི་བྲིས་པ་ཡིན། འཕྲིན་ཡིག་འདི་ལས་ཡེ་ཤུའི་ཆོས་ལུགས་པའི་རྒྱུན་ལྡན་གྱི་དོན་དག་སྐོར་གཙོ་བོར་གསུངས་ཡོད་དེ། རྒྱུན་ལྡན་གྱི་དོན་དག་དེ་རྣམས་གཏམ་དཔེར་དྲངས་ནས་བརྗོད་ཡོད་པ་དང་། ཉིན་རེའི་འཚོ་བ་ཇི་ལྟར་རོལ་དགོས་ཚུལ་ལ་སློབ་སྟོན་གནང་བའི་སྒོ་ནས་ཀྱང་གསུངས་ཡོད་པ་རེད། འཕྲིན་ཡིག་འདིའི་ནང་དུ་ཡེ་ཤུའི་ཆོས་ལུགས་ཀྱི་གཞུང་གི་ལྟ་བ་གལ་ཆེན་སྐོར་མང་པོ་ཞིག་གསུངས་མེད་ལ། འཕྲིན་ཡིག་འདི་ལས་ཆོས་བདེན་པ་དང་། དད་པ་བདེན་པ། ཤེས་རབ་བདེན་པ་བཅས་གསུངས་ཡོད།
འཆར་ཟིན།
1. ཚོད་བགམ་དང་ཉམས་ཚོད་གཉིས་ཀྱི་སྐོར། ༼1:1-18༽
2. བཀའ་ལ་མཉན་པ་དང་བཀའ་ལྟར་བསྒྲུབ་དགོས་པའི་སྐོར། ༼1:19-27༽
3. ཕྱོགས་རིས་གཟུང་མི་རུང་བའི་སྐོར། ༼2:1-13༽
4. དད་པ་དང་བྱ་སྤྱོད་ཀྱི་སྐོར། ༼2:14-26༽
5. སྨྲ་ལྕེ་འདུལ་བའི་སྐོར། ༼3:1-12༽
6. ཤེས་རབ་རིགས་མི་གཅིག་པ་གཉིས་ཀྱི་སྐོར། ༼3:13-18༽
7. འཇིག་རྟེན་པར་ཁ་གཏད་གཅོག་པའི་སྐོར། ༼4:1-17༽
8. ཕྱུག་པོ་མནར་གཅོད་གཏོང་མཁན་རྣམས་ལ་ཉེན་བརྡ་གཏོང་བ། ༼5:1-6༽
9. སྐུལ་སློང་སྣ་ཚོགས། ༼5:7-20༽
ལེའུ་དང༌པོ།
འཕྲིན་ཡིག་བསྐུར༌ཡུལ།
1 དེ་ཡང་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཞབས་ཕྱི་པ་ཡ་ཀོབ་བདག་གིས་ཐར་ཐོར་དུ་གནས་པའི་ཚོ་པ་བཅུ་གཉིས་*འདིར་ཚོ་པ་བཅུ་གཉིས་ཞེས་པ་ནི་ཡ་ཧུ་དཱའི་མི་རིགས་ཀྱི་ཚོ་པ་བཅུ་གཉིས་ལ་གོ་དགོས། ལ་འཕྲིན་ཡིག་སྤྲིངས་ཤིང༌། ཁྱོད་རྣམས་ལ་འཚམས་འདྲི༌ཞུའོ།།
ཚོད་བགམ་དང་ཉམས་ཚོད་གཉིས་ཀྱི༌སྐོར།
2 བདག་གི་སྤུན་ཟླ༌རྣམས། ཁྱོད་ཅག་དཀའ་སྡུག་སྣ་ཚོགས་ལ་འཕྲད༌དུས། དེ་ནི་དགའ་སྤྲོ་ཆེན་པོར་བརྩི་བར་བྱའོ།། 3 ཅིའི་ཕྱིར་ཞེ་ན། རང་གི་དད་པར་ཚོད་བརྟག་བྱས་པ་བརྒྱུད་ནས་བཟོད་སེམས་འབྱུང་བ་ནི་ཁྱོད་ཅག་གིས་ཀྱང་ཤེས་པས༌སོ།། 4 ཁྱོད་ཅག་ནི་མ་ཚང་བ་མེད༌པར་ཡང་དག་པ་དང་ཕུལ་དུ་བྱུང་བར་འགྱུར་བའི་ཕྱིར། བཟོད་པའང་ཡོངས་སུ་རྫོགས་དགོས། 5 ཁྱོད་རྣམས་ལས་སུ་ཞིག་ལ་ཤེས་རབ་མི་ཚང་ན། བཀའ་བཀྱོན་མི་མཛད་ཅིང་མི་ཐམས་ཅད་ལ་གཏོང་ཕོད་ཆེ་བའི་དཀོན་མཆོག་ཁོང་ལ་ཞུས༌དང༌། ཁོང་གིས་གནང་བར་འགྱུར། 6 འོན༌ཀྱང༌། ཞུ་བ་བྱེད་པའི་དུས༌སུ། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དད་པའི་སྒོ་ནས་ཞུ་དགོས། ཅིའི་ཕྱིར་ཞེ་ན། མི་ཐེ་ཚོམ་ཅན་ནི་རྒྱ་མཚོའི་རྦ་རླབས་རླུང་གིས་དེད་ནས་དགུང་དུ་འཕྱུར་བ་དང་མཚུངས་པའི་ཕྱིར༌རོ།། 7 མི་འདི་ལྟ་བུས་གཙོ་བོ་ནས་ཅི་ཡང་འཐོབ་པར་བསམ་མི་དགོས༌ཏེ། 8 མི་བློ་གཉིས་ཅན་ནི་རང་གིས་སྒྲུབ་པའི་ལས་ཀུན་ལའང་བརྟན་པོ་མ་ཡིན་ནོ།།
9 སྤུན་ཟླ་གཉོམ་ཆུང་དེ་གོ་ས་འཕར་བར་དགའ་འོས༌ཤིང༌། 10 ཕྱུག་པོ་དེ་དམན་སར་ལྷུང་བ་ལའང་དགའ་འོས༌སོ། །ཅིའི་ཕྱིར་ཞེ་ན། དེ་ནི་རྩྭ་མགོའི་མེ་ཏོག་དང་མཚུངས་པར་ཡལ་ངེས་ཏེ། 11 ཉི་མ་ཤར་བ་དང་ཚ་རླུང་གཡུགས་ནས་རྩྭ་སྔོན་སྐམས་ཤིང་མེ་ཏོག་སར་ལྷུང་བས་མཛེས་སྡུག་ཐམས་ཅད་ཡལ་བར་འགྱུར་བའི་ཕྱིར༌ཡིན། དཔེ་དེ་བཞིན་དུ་ཕྱུག་པོ་དེ་ཡང་རང་དོན་སྒྲུབ་བཞིན་པའི་སྐབས་སུ་ཉམས་པར་འགྱུར་རོ།།
12 ཚོད་བགམ་ལ་བཟོད་བསྲན་ཐུབ་པའི་མི་ནི་བྱིན་རླབས་ཅན་ཡིན། ཅིའི་ཕྱིར་ཞེ་ན། ཚོད་བགམ་བྱས་པའི་རྗེས་སུ། དཀོན་མཆོག་གིས་ཁོང་ཉིད་གཅེས་པར་འཛིན་པ་རྣམས་ལ་ཞལ་བཞེས་གནང་བའི་ཚེ་སྲོག་གི་ཅོད་པན་གནང་བར་འགྱུར་བའི་ཕྱིར༌རོ།། 13 ཉམས་ཚོད་ལ་འཕྲད་པའི་དུས༌སུ། དཀོན་མཆོག་གིས་བདག་ལ་ཉམས་ཚོད་ལེན་བཞིན་གདའ་ཞེས་སུ་ཞིག་གིས་ཀྱང་སྨྲ་མི་རུང༌། ཅིའི་ཕྱིར་ཞེ་ན། ངན་པས་དཀོན་མཆོག་ལ་ཉམས་ཚོད་བྱ་མི་ནུས༌ལ། དཀོན་མཆོག་གིས་ཀྱང་སུ་ཞིག་ལའང་ཉམས་ཚོད་མི་མཛད་པས༌སོ།། 14 འོན༌ཀྱང༌། མི་རེ་རེ་རང་གི་འདོད་ཆགས་ཀྱིས་དྲངས་ཏེ་བསླུས་ན་ཉམས་ཚོད་འབྱུང་། 15 འདོད་ཆགས་མངལ་དང་ལྡན་པར་གྱུར་ན་སྡིག་པ་སྐྱེས༌ཤིང༌། སྡིག་པ་བྱས་ན་འཆི་བ་འབྱུང་ངོ་།།
16 བདག་གི་སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། ཁྱོད་ཅག་བསླུ་བྲིད་འོག་ཏུ་མི་ཚུད་པར་གྱུར༌ཅིག 17 གནང་སྦྱིན་ལེགས་ཤིང་ཕུལ་དུ་བྱུང་བ་ཐམས་ཅད་ནི་སྟེང་ནས་བྱུང་བ༌དང༌། དེ་ནི་འོད་ཟེར་ཀུན་གྱི་མངའ་བདག་སྟེ་ཡབ་ལས་བྱུང༌ཞིང༌། ཁོང་ལ་འགྱུར་ལྡོག་མེད་ཅིང་འགུལ་སྐྱོད་ཀྱི་གྲིབ་མ་ཙམ་ཡང་མེད་དོ།། 18 བདག་ཅག་ནི་ཁོང་གིས་བསྐྲུན་པ་ཐམས་ཅད་ལས་ཐོག་མར་སྨིན་པའི་འབྲས་བུ་ལྟ་བུར་འགྱུར་བའི༌ཕྱིར། ཁོང་གིས་རང་ཉིད་ཀྱི་ཐུགས་དགོངས་བཞིན་བདེན་པ་ཉིད་ཀྱི་བཀའ་བརྒྱུད་ནས་བདག་ཅག་སྐྱེ་བར་མཛད་པ་ལགས༌སོ།།
བཀའ་ལ་མཉན་པ་དང་བཀའ་ལྟར་བསྒྲུབ་དགོས་པའི༌སྐོར།
19 བདག་གི་སྙིང་ནས་བརྩེ་བའི་སྤུན་ཟླ༌རྣམས། ཁྱོད་ཅག་གིས་ཤེས་གསལ༌ལྟར། ཁྱོད་རྣམས་མི་རེ་རེ་ནི་རྣ་བས་ཉན་པ་ལ་མྱུར་དགོས༌ཤིང༌། ངག་ནས་སྨྲ་བ་དང་སེམས་ནས་ཁྲོ་བ་ལ་དལ་དགོས་སོ།། 20 ཅིའི་ཕྱིར་ཞེ་ན། མིའི་ཁོང་ཁྲོས་དཀོན་མཆོག་གི་རྣམ་པར་དག་པའི་ལས་བསྒྲུབ་མི་ནུས་པའི་ཕྱིར༌རོ།། 21 དེ་བས་ཁྱོད་ཅག་གིས་མི་གཙང་བ་དང་ངན་པས་གང་བ་ཐམས་ཅད་སྤངས༌ཏེ། ཞི་ཞིང་དུལ་བའི་སེམས་བཅངས་ནས་ཁྱོད་ཅག་གི་ནང་དུ་བཙུགས་ཡོད་པ་དང་ཁྱོད་ཅག་གི་བླ་སྲོག་སྐྱོབ་ནུས་པའི་བཀའ་དེ་ཁས་ལེན་དགོས། 22 ཁྱོད་རྣམས་ནི་རང་མགོ་རང་གིས་གཡོག་ཅིང་བཀའ་ལ་ཉན་མཁན་ཁོ་ནར་མི་འགྱུར་བར་བཀའ་བཞིན་དུ་སྒྲུབ་མཁན་དུ་གྱུར༌ཅིག 23 རྒྱུ་མཚན་ནི་སུ་ཞིག་གིས་བཀའ་ལ་ཉན་པ་ལས་བཀའ་ལྟར་མི་སྒྲུབ་པ་ནི་མི་ཞིག་གིས་མེ་ལོང་ལས་རང་གི་ངོ་གདོང་མཐོང་བ་དང་མཚུངས༌ལ། 24 མིག་གིས་མཐོང་ཞིང་ཕར་སོང་མ་ཐག་རང་ཉིད་ཀྱི་བཞིན་རས་ཇི་འདྲ་ཡིན་པ་བརྗེད་པ་ཡིན་ནོ།། 25 འོན༌ཀྱང༌། སུ་ཞིག་གིས་ཕུལ་དུ་བྱུང་བ་དང་རང་དབང་འཐོབ་པར་བྱེད་པའི་བཀའ་ཁྲིམས་ལ་རྒྱུན་དུ་ཞིབ་ལྟ་བྱས་ནས་བརྩི་སྲུང་བྱེད་ན། བཀའ་ལ་ཉན་མ་ཐག་བརྗེད་པ་མིན་པར་དངོས་སུ་དེ་ལྟར་བསྒྲུབས༌པས། ཁོས་སྒྲུབ་པའི་དོན་ཐམས་ཅད་ལ་བྱིན་རླབས་འཐོབ་པར་འགྱུར་ངེས༌སོ།།
26 གལ༌ཏེ། སུ་ཞིག་གིས་རང་ཉིད་ཆོས་སེམས་ཅན་ཡིན་པར་བསམས་ཀྱང༌། རང་གི་སྨྲ་ལྕེ་ལ་བདག་མི་བྱེད་པར། རང་མགོ་རང་གིས་གཡོག་པར་བྱེད༌ན། མི་དེའི་ཆོས་ལ་སྙིང་པོ་མེད་དོ།། 27 བདག་ཅག་གི་ཡབ་དཀོན་མཆོག་གི་སྤྱན༌སྔར། ཡང་དག་ཅིང་དྲི་མས་མ་གོས་པའི་ཆོས་ནི་དཀའ་སྡུག་གིས་ཁེངས་པའི་དྭ་ཕྲུག་དང་ཡུགས་མོ་ལ་བདག་སྐྱོང་བྱེད་པ་དང༌། འཇིག་རྟེན་གྱི་དྲི་མ་རང་ཉིད་ལ་མི་འགོས་པར་སྲུང་བ་དེའོ།།