ལེའུ་གསུམ་པ།
ཤུལ་དུ་བསྐྱུར་བའི་མི་རིགས་རྣམས།
དཀོན་མཆོག་ཡ་ཝཱེས་མི་རིགས་འདི་རྣམས་བསྐྱུར་བ་ནི། ཀ་ན་ཨན་པ་རྣམས་དང་འཐབ་པའི་དོན་གང་ཡང་མི་ཤེས་པའི་ཡེས་ར་ཨེལ་པ་རྣམས་ལ་ཚོད་བགམ་བྱེད་པ་དང་། ཡེས་ར་ཨེལ་པ་རྣམས་ཀྱི་མི་རབས་ཕྱི་མ་དག་གིས་སྔར་མ་ཤེས་པའི་དམག་འཁྲུག་དེ་ཤེས་པ་དང་སློབ་པར་འཇུག་པའི་ཕྱིར་ཡིན། ཤུལ་དུ་བསྐྱུར་བ་རྣམས་ནི་ཕེ་ལེ་ཤེད་པའི་འགོ་དཔོན་ལྔ་དང་། ཚི་ཏུན་པ་དང་ལེ་པཱ་ནོན་རི་བོར་སྡོད་པའི་ཧེ་བི་པ་རྣམས་འདུས་པའི་ཀ་ན་ཨན་པ་ཐམས་ཅད་ཡིན་ལ། པཱ་ཨལ་ཧེར་མོན་རི་བོ་ནས་ཧ་མཱད་ཀྱི་འཇུག་སྒོའི་བར་དུའོ། ། མི་རིགས་འདི་རྣམས་བསྐྱུར་བ་ནི་ཡེས་ར་ཨེལ་པ་རྣམས་ལ་ཚོད་བགམ་བྱེད་པ་དང་། ཁོ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེས་མོ་ཤེ་བརྒྱུད་ནས་ཁོ་ཚོའི་མེས་པོ་རྣམས་ལ་བསྒོས་པའི་བཀའ་ལ་མཉན་མིན་ཤེས་པའི་ཕྱིར་ཡིན། ཡེས་ར་ཨེལ་པ་རྣམས་ཀ་ན་ཨན་པ་དང་ཧེད་པ། ཨེ་མོར་པ། ཕེ་རེ་ཟི་པ། ཧེ་བི་པ། ཡེ་བུ་སི་པ་བཅས་ཀྱི་ཁྲོད་དུ་གནས་ཤིང་། ཁོ་རྣམས་ཀྱི་བུ་མོ་ཆུང་མར་བླངས་ནས། རང་གི་བུ་མོ་རྣམས་ཁོ་ཚོའི་བུ་རྣམས་ལ་མནའ་མར་བྱིན་པར་མ་ཟད། ཁོ་ཚོའི་ལྷ་རྣམས་ལ་བསྙེན་བཀུར་བྱས་སོ། །
ཨོད་ནི་ཨེལ།
ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་པ་དང་། ཁོ་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་བརྗེད་ནས་པཱ་ཨལ་དང་ཨ་ཤེ་རཱ་རྣམས་ལ་བསྙེན་བཀུར་བྱས་པས། དཀོན་མཆོག་ཡ་ཝཱེ་ནི་ཡེས་ར་ཨེལ་པ་རྣམས་ལ་ཐུགས་ཁྲོས་ཤིང་། ཁོ་རྣམས་ཆུ་བོ་གཉིས་ཀྱི་བར་དུ་ཡོད་པའི་ཨ་རམ་ཡུལ་གྱི་རྒྱལ་པོ་ཀུ་ཤན་རིས་ཨ་ཏ་ཡིམ་གྱི་ལག་ཏུ་སྤྲད་པ་དང་། ཡེས་ར་ཨེལ་པ་རྣམས་ཀྱིས་ཀུ་ཤན་རིས་ཨ་ཏ་ཡིམ་ *རིས་ཨ་ཏ་ཡིམ་ཞེས་པ་ནི་ལྡབ་འགྱུར་གྱིས་ངན་པ་ཡིན་པའི་དོན་ལ་འཇུགལ་ལོ་ངོ་བརྒྱད་ཀྱི་རིང་དུ་གཡོག་བྱས་སོ། ། ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་ཞུ་འབོད་བྱས་པ་ན། དཀོན་མཆོག་ཡ་ཝཱེས་ཀཱ་ལེབ་ཀྱི་ནུ་བོ་སྟེ་ཀེ་ན༌ཟཱ་ཡི་བུ་ཨོད་ནི་ཨེལ་ཁོ་རྣམས་སྐྱོབ་མཁན་དུ་བསྐོས་ཤིང་། ཁོས་དེ་རྣམས་བསྐྱབས་པའོ། ། 10 དཀོན་མཆོག་ཡ་ཝཱེའི་ཐུགས་ཉིད་ཁོའི་སྟེང་དུ་བབས་པས་ཁོ་རང་ཡེས་ར་ཨེལ་པའི་ཁྲིམས་དཔོན་བྱས་ཤིང་འཐབ་འཁྲུག་རྒྱག་པར་སླེབས། དཀོན་མཆོག་ཡ་ཝཱེས་ཨ་རམ་ཡུལ་གྱི་རྒྱལ་པོ་ཀུ་ཤན་རིས་ཨ་ཏ་ཡིམ་ཁོའི་ལག་ཏུ་སྤྲད་པས་ཁོས་དེ་ཕམ་པར་བརྒྱབ་ཏོ། ། 11 དེ་ནས་ཡུལ་དེ་ལོ་ངོ་བཞི་བཅུའི་རིང་ལ་བདེ་བར་གནས་པ་དང་། ཀེ་ན༌ཟཱ་ཡི་བུ་ཨོད་ནི་ཨེལ་ཚེ་ལས་འདས་སོ། །
ཨེ་ཧུད།
12 ཡེས་ར་ཨེལ་པ་རྣམས་ཀྱིས་ཡང་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་པས། དཀོན་མཆོག་ཡ་ཝཱེས་མོ་ཨབ་ཀྱི་རྒྱལ་པོ་ཨེག་ལོན་དར་བར་མཛད་ཅིང་ཡེས་ར་ཨེལ་པ་ལ་རྒོལ་ཏོ། ། 13 ཨེག་ལོན་གྱིས་ཨམ་མོན་པ་དང་ཨ་མཱད་ལེག་པ་རྣམས་བསྡུས་ནས་ཡེས་ར་ཨེལ་པ་ལ་དམག་བརྒྱབ་སྟེ་ཤིང་ཏ་ལའི་གྲོང་ཁྱེར་བདག་ཏུ་བཟུང་ངོ་། ། 14 དེ་ནས་ཡེས་ར་ཨེལ་པ་རྣམས་ཀྱིས་མོ་ཨབ་ཀྱི་རྒྱལ་པོ་ཨེག་ལོན་ལ་ལོ་ངོ་བཅོ་བརྒྱད་རིང་དུ་གཡོག་བྱས། 15 ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་ཞུ་འབོད་བྱས་པ་ན། དཀོན་མཆོག་ཡ་ཝཱེས་པེན་ཡཱ་མེན་པ་གེ་རཱ་ཡི་བུ་ཨེ་ཧུད་ཁོ་རྣམས་སྐྱོབ་མཁན་དུ་བསྐོས་ཤིང་། ཁོ་ནི་གཡོན་ལག་ཅིག་ཡིན། ཡེས་ར་ཨེལ་པ་རྣམས་ཀྱིས་ཁོ་བརྒྱུད་དེ་མོ་ཨབ་ཀྱི་རྒྱལ་པོ་ཨེག་ལོན་ལ་ལག་རྟགས་ཕུལ་ཏོ། ། 16 ཨེ་ཧུད་ཀྱིས་རལ་གྲི་ཁ་གཉིས་མ་རིང་ཚད་ཁྲུ་གང་ཡིན་པ་ཞིག་བརྡུངས་ནས་བརླ་གཡས་པའི་གྱོན་གོས་འོག་ཏུ་བཏགས། 17 ཁོས་མོ་ཨབ་ཀྱི་རྒྱལ་པོ་ཨེག་ལོན་ལ་ལག་རྟགས་ཕུལ་ཞིང་། མ་གཞི་ཨེག་ལོན་ནི་ཤིན་ཏུ་ཤ་རྒྱགས་པ་ཞིག་ཡིན་ལ། 18 ཨེ་ཧུད་ཀྱིས་ལག་རྟགས་ཕུལ་ཚར་བ་དང་ལག་རྟགས་འཁུར་མཁན་རྣམས་ལ་སྐྱེལ་མ་བྱས་ཤིང་། 19 རང་ཉིད་གིལ་གལ་ཉེ་འགྲམ་གྱི་སྐུ་འདྲ་རྣམས་ཡོད་ས་ནས་ཕྱིར་ལོག་སྟེ་ན་རེ། ཀྱེ་རྒྱལ་པོ་ལགས། ང་ཁྱེད་ལ་གསང་བ་ཞིག་ཞུ་རྒྱུ་ཡོད་ཅེས་སྨྲས་པ་ལ། རྒྱལ་པོས། ཅུང་ཙམ་སྒུགས་དང་ཞེས་སྨྲས་པ་དང་། གཡས་གཡོན་གྱི་སྐུ་སྲུང་ཐམས་ཅད་ཕྱི་རུ་སོང་ངོ་། ། 20 དེ་ནས་རྒྱལ་པོ་གཅིག་པུ་བསིལ་ཁང་ནང་དུ་བསྡད་ཡོད་པ་ལ། ཨེ་ཧུད་ཁོའི་མདུན་དུ་ཡོང་སྟེ་ན་རེ། བདག་གིས་དཀོན་མཆོག་གི་བཀའ་བཞིན་ཁྱེད་ལ་དོན་ཞིག་ཞུ་བར་བྱ་ཞེས་སྨྲས་པས། རྒྱལ་པོ་རང་གི་བཞུགས་ས་ནས་ཡར་ལངས་ཤིང་། 21 ཨེ་ཧུད་ཀྱིས་གཡོན་ལག་བརྐྱངས་ཏེ་བརླ་གཡས་པ་ནས་རལ་གྲི་ཕྱུང་སྟེ་རྒྱལ་པོའི་ཁོག་པའི་ནང་བསྣུན་པ་དང་། 22 གྲིའི་ཡུ་བའང་ཁོག་པའི་ནང་དུ་བསྣུན། རལ་གྲི་ཚིལ་གྱིས་བཏུམས་ཤིང་ཁོས་དེ་རྒྱལ་པོའི་ཁོག་པ་ནས་ཕྱིར་མ་ཕྱུང་བར་མ་ཟད་རྒྱབ་ཀྱང་བརྟོལ་ཏོ། ། 23 ཨེ་ཧུད་བར་ཁྱམས་སུ་སླེབས་ནས་བསིལ་ཁང་གི་སྒོ་རྣམས་གཏན་ནས་ཟྭ་བརྒྱབ། 24 ཨེ་ཧུད་ཕྱིར་བུད་རྗེས་རྒྱལ་པོའི་འཁོར་གཡོག་རྣམས་ཡོང་སྟེ། ལྟོས་དང་། བསིལ་ཁང་གི་སྒོ་རྣམས་ཟྭ་བརྒྱབ་ཡོད་པ་མཐོང་ནས། ཁོ་རང་བསིལ་ཁང་གི་ཁང་པ་སྦུག་མའི་ནང་དུ་སྒོ་ལ་བསྡད་ཡོད་པར་ངེས་ཞེས་སྨྲས་པ་དང་། 25 དེ་དག་གིས་སུན་སྣང་སྐྱེས་པའི་བར་དུ་བསྒུགས་ནའང་ད་དུང་བསིལ་ཁང་གི་སྒོ་འབྱེད་རྒྱུ་མེད་པ་མཐོང་ནས་ལྡེ་མིག་བླངས་ཏེ་སྒོ་ཕྱེས་པ་ན། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་ཚོའི་བདག་པོ་ཚེ་ལས་འདས་ནས་ས་རུ་འགྱེལ་འདུག་གོ ། 26 དེ་དག་གིས་འགོར་འགྱངས་བྱེད་པའི་དུས་སུ་ཨེ་ཧུད་ནི་སྐུ་འདྲ་རྣམས་ཡོད་ས་ནས་བརྒལ་ཞིང་སེ་ཨི་རཱ་ཞེས་པར་བྲོས། 27 དེར་སླེབས་པ་དང་ཨེ་ཕཱར་ཡིམ་རི་ཁུལ་དུ་རྭ་དུང་བུས་ཤིང་། ཡེས་ར་ཨེལ་པ་རྣམས་ཁོའི་རྗེས་འབྲངས་ཏེ་རི་ཁུལ་ནས་མར་བབས་པ་དང་ཁོས་མདུན་ནས་ལམ་ཁྲིད་དོ། ། 28 ཡང་དེ་རྣམས་ལ་འདི་ལྟར་སྨྲས་པ་སྟེ། བདག་གི་རྗེས་སུ་འབྲང་བར་གྱིས། ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་གི་དགྲ་བོ་མོ་ཨབ་པ་རྣམས་ཁྱོད་ཅག་གི་ལག་ཏུ་སྤྲད་ཟིན་པས་སོ་ཞེས་པ་ལ། དེ་རྣམས་ཁོའི་རྗེས་སུ་འབྲངས་ཏེ་མར་སོང་ནས་ཡོར་དན་གཙང་པོའི་རབ་ཁ་བཟུང་ནས་མོ་ཨབ་པ་གཅིག་ཀྱང་དེར་བརྒལ་དུ་མ་བཅུག་གོ ། 29 དེའི་དུས་སུ་མོ་ཨབ་པ་ཧ་ལམ་མི་ཁྲི་གཅིག་ཡོད་པ་ཚང་མ་དཔའ་རྒོད་སྟོབས་ཅན་ཡིན་ལ། ཁོ་རྣམས་ཀྱིས་དེ་དག་ལས་གཅིག་ཀྱང་འཆོར་དུ་མ་བཅུག་པར་བསད་པ་དང་། 30 མོ་ཨབ་ནི་དེ་བཞིན་ཡེས་ར་ཨེལ་པས་དབང་འོག་ཏུ་བསྡུས་ཤིང་། བགྲང་བྱ་བརྒྱད་ཅུའི་རིང་ལ་ཡུལ་དེ་བདེ་བར་གནས་སོ། །
ཤམ་གཱར།
31 ཨེ་ཧུད་ཀྱི་རྗེས་སུ་ཨ་ནད་ཀྱི་བུ་ཤམ་གཱར་བྱུང་སྟེ། ཁོས་གླང་ལྕག་གིས་ཕེ་ལེ་ཤེད་པ་མི་དྲུག་བརྒྱ་ལ་བརྡུངས་ནས་བསད་པ་དང་། ཁོས་ཀྱང་ཡེས་ར་ཨེལ་པ་རྣམས་བསྐྱབས་པའོ། །

*ལེའུ་གསུམ་པ།:8 རིས་ཨ་ཏ་ཡིམ་ཞེས་པ་ནི་ལྡབ་འགྱུར་གྱིས་ངན་པ་ཡིན་པའི་དོན་ལ་འཇུག