༄༅། །ལུང་སྟོན་པ་ཡེ་རེམ་ཡཱའི་མདོ།
ལུང་སྟོན་པ་ཡེ་རེམ་ཡཱའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
གཞུང་འདིའི་ཁ་བྱང་ནི་ལུང་སྟོན་པ་ཡེ་རེམ་ཡཱའི་མིང་ནས་ཐོགས་པ་དང་། གཞུང་འདིའི་ནང་དུ་ཡེ་རེམ་ཡཱས་ཆོས་ཀྱི་ཕྱག་ལས་གནང་བ་རྣམས་ཡི་གེར་བཀོད་ཡོད། འདི་ནི་ཡེས་ར་ཨེལ་པ་རྣམས་པཱ་པེལ་ལོན་ཡུལ་ལ་བཙན་ཁྲིད་མ་བྱས་ཡར་སྔོན་དུ་རྒྱལ་པོ་ཡོ་ཤི་ཡཱ་དང་རྒྱལ་པོ་གཞན་རྣམས་ཀྱིས་སྲིད་བསྐྱངས་པའི་སྐབས་སུ་ཡེ་རེམ་ཡཱས་ཡ་ཧུ་དཱ་ཡུལ་ནས་ལུང་དུ་བསྟན་པ་ཡིན། སྐབས་དེར་ཡ་ཧུ་དཱ་ཚུད་པའི་རྒྱལ་ཁམས་ཡོངས་ལ་འཕྲོག་བཅོམ་ཐེབས་པ་གཏན་ཁེལ་ཡིན་པར་བརྟེན། མི་རྣམས་ལ་མཚོན་ན་དེ་ནི་གནོན་ཤུགས་ཀྱི་ཆར་རླུང་དྲག་ཏུ་འཚུབ་པའི་དུས་སྐབས་ཤིག་ཡིན། ཡོ་ཤི་ཡཱ་ཡིས་སྲིད་དབང་བཟུང་བའི་རྗེས་སུ་ཆོས་སྲིད་གཉིས་ཀྱི་དབུ་འཛིན་པ་རྣམས་ཡེ་རེམ་ཡཱའི་གསུང་བཤད་ལ་མ་དགའ་བས་ཁོང་ནམ་རྒྱུན་ཉེན་ཁར་ཐུག་ཡོད། དོན་དེ་ཐམས་ཅད་ཀྱི་ཁྲོད་དུ་དཀོན་མཆོག་གིས་ཡེ་རེམ་ཡཱ་ལ་སྲུང་སྐྱོབ་མཛད་པ་དང་། ཡེ་རེམ་ཡཱས་ཀྱང་མི་གདུག་པ་ཅན་རྣམས་ལ་དུས་ནས་དུས་སུ་ཉེན་བརྡ་བཏང་བ་དང་དཀོན་མཆོག་ལ་ཡིད་ཆེས་ཡོད་པའི་མི་རྣམས་ལ་སེམས་གསོ་གནང་བ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
གཞུང་གི་ནང་དུ་ལུང་སྟོན་པ་ཡེ་རེམ་ཡཱའི་ལུང་བསྟན་གྱི་ཕྱག་ལས་རྣམས་བཀོད་ཡོད། ཁོང་གི་མི་སྒེར་གྱི་འཚོ་བ་དང་དཀའ་ངལ་རྣམས་ནི་ཞལ་ཆད་རྙིང་པའི་ནང་གི་ལུང་སྟོན་པ་གཞན་དག་ལས་ཀྱང་ང་ཚོར་རྒྱུས་མངའ་གསལ་པོར་ཡོད། ཡེ་རེམ་ཡཱའི་ལུང་བསྟན་གྱི་ཕྱག་ལས་རྣམས་སྤྱི་ལོ་སྔོན་གྱི་626ལོར་འགོ་བརྩམས་པ་དང་སྤྱི་ལོ་སྔོན་གྱི་586ལོའི་ཡས་མས་སུ་མཚམས་བཞག་པ་རེད།
བརྗོད་སྙིང་དང་གསུང་འཕྲིན།
ཡེ་རེམ་ཡཱས་ནམ་ཡིན་ཡང་དཀོན་མཆོག་གིས་ཁོང་ལ་ལུང་སྟོན་པར་ཞལ་འབོད་གནང་བའི་དོན་དེ་རྟོགས་པ་དང་། ཁོང་གིས་གསུང་བཤད་གནང་བ་དག་ཀྱང་ཐོག་མར་དཀོན་མཆོག་གིས་གསུངས་པ་ཡིན་པས་གསུང་དེ་རྣམས་ཇི་བཞིན་འགྲུབ་པར་ཐེ་ཚོམ་མེད། ཉེས་ཆད་གཅོད་པའི་སྐོར་ནི་ཡེ་རེམ་ཡཱས་ཡི་གེར་བཀོད་པའི་གཞུང་རྣམས་ལས་ཧ་ཅང་ཁྱབ་ཆེ་བའི་བརྗོད་གཞི་ཞིག་ཡིན། ཡེ་རེམ་ཡཱས་ལུང་བསྟན་གནང་བ་ལྟར། གལ་སྲིད་ལྷག་བསམ་ཟོལ་མེད་ཀྱིས་འགྱོད་བཤགས་བྱས་པ་ཡིན་ན་འབྱུང་ངེས་པའི་དཀོན་མཆོག་གི་ཉེས་ཆད་དེ་ཁོང་གིས་ནར་འགྱངས་གཏོང་བར་འགྱུར། ཡེ་རེམ་ཡཱ་ལ་མཚོན་ན་དཀོན་མཆོན་ནི་ཡོད་ཚད་ཡིན། ཡེ་རེམ་ཡཱའི་ཆོས་ཀྱི་ལྟ་གྲུབ་ཀྱི་ནང་དུ་དཀོན་མཆོག་ནི་ཡོད་ཚད་ཀྱི་བྱེད་པོ་དང་ཐམས་ཅད་ཀྱི་སྟོབས་ཤུགས། དུས་གཅིག་ལ་ཕྱོགས་ཀུན་ཏུ་ཁྱབ་ཡོད་པ་དེ་ཉིད་ལགས། མཚུངས་སུ་དཀོན་མཆོག་གིས་མི་བུ་སྒེར་རེ་རེ་དང་དེ་དག་གིས་ཁོང་གི་དྲུང་དུ་ལས་ཅི་ཞིག་བགྱི་བར་འགྱུར་བ་ལ་ཐུགས་ཁུར་རྒྱ་ཆེན་པོ་གནང་ཡོད།
འཆར་ཟིན།
1. ཡེ་རེམ་ཡཱ་ལ་ཞལ་འབོད་གནང་བ། ༼1:1-19༽
2. ཡ་ཧུ་དཱའི་མི་རྣམས་ལ་ཉེན་བརྡ་བཏང་ནས་སྐུལ་མ་མཛད་པ། ༼2:1-29:32༽
3. བསྐྱར་དར་མཛད་པར་དམ་བཅས་པ། ༼30:1-33:26༽
4. ལོ་རྒྱུས་ནང་གི་གནས་ཚུལ་ཁག་བརྗོད་པ། ༼34:1-35:19༽
5. ཡེ་རེམ་ཡཱའི་དཀའ་སྡུག་གི་སྐོར། ༼36:1-38:28༽
6. ཡེ་རུ་སཱ་ལེམ་གྱི་གྲོང་ཁྱེར་བརླགས་པ་དང་དེའི་མཇུག་འབྲས། ༼39:1-45:5༽
7. རྒྱལ་ཕྲན་རྣམས་ལ་ཉེས་ཆད་བཅད་པ། ༼46:1-51:64༽
8. ལོ་རྒྱུས་ཀྱི་མཇུག་གི་གཏམ། ༼52:1-34༽
ལེའུ་དང་པོ།
འདི་དག་ནི་པེན་ཡཱ་མེན་ཡུལ་གྱི་ཨ་ན་ཐོད་གྲོང་ཁྱེར་གྱི་མཆོད་དཔོན་ཏེ། ཧིལ་གི་ཡཱའི་བུ་ཡེ་རེམ་ཡཱའི་གསུང་ཡིན་ནོ། ། ཡ་ཧུ་དཱའི་རྒྱལ་པོ་ཨ་མོན་གྱི་བུ་ཡོ་ཤི་ཡཱས་རྒྱལ་སྲིད་སྐྱོང་བའི་ལོ་བཅུ་གསུམ་པར། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་སྟེ། ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་བུ་ཡེ་ཧོ་ཡཱ་ཀིམ་གྱིས་རྒྱལ་སྲིད་བསྐྱངས་པ་ནས། ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་བུ་ཚིད་ཀི་ཡཱ་ཡིས་རྒྱལ་སྲིད་སྐྱོང་བའི་དུས་མཇུག་སྟེ། ལོ་བཅུ་གཅིག་པའི་ཟླ་ལྔ་པའི་ནང་ཡེ་རུ་སཱ་ལེམ་གྱི་མི་རྣམས་བཙན་བཟུང་བྱས་པའི་སྐབས་སུ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་རྒྱུན་དུ་ཡེ་རེམ་ཡཱ་ལ་བྱུང་ངོ་། །
ཡེ་རེམ་ཡཱ་ལགས་བདམས་པ།
ཡེ་རེམ་ཡཱ་ན་རེ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་བདག་ལ་བྱུང་བ་འདི་ལྟ་སྟེ། བདག་གིས་ཁྱོད་མ་ཡི་མངལ་ནང་མ་བཀོད་སྔོན་དུ་ཁྱོད་རང་ངོ་ཤེས་པ་དང་། ཁྱོད་རང་མ་ཡི་མངལ་ལས་མ་ཐོན་སྔོན་དུ་བདག་གིས་ཁྱོད་དམ་པར་མཛད་ཅིང་། ཁྱོད་རང་མི་རིགས་རྣམས་ཀྱི་ལུང་སྟོན་པར་བསྐོས་པ་ཡིན་ཞེས་གསུངས། དེ་ནས་ངས་འདི་ལྟར། ཀྱེ་གཙོ་བོ་ཡ་ཝཱེ་ལགས། གཟིགས་དང་། ང་ནི་ལོ་ན་ཕྲ་བས་གཏམ་ཅི་ལྟར་སྨྲ་བའང་མི་ཤེས་སོ་ཞེས་ཞུས་པ་ན། དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ཁྱོད་ཀྱིས་ང་རང་ལོ་ན་ཕྲའོ་ཞེས་མ་བཤད་ཅིག ཅི་ལ་ཞེ་ན། བདག་གིས་ཁྱོད་སུ་དང་སུ་ཞིག་གི་གམ་དུ་མངགས་ཀྱང་ཁྱོད་དེར་འགྲོ་དགོས་ལ། བདག་གིས་ཁྱོད་ལ་བཀའ་བབས་ནས་ཅི་སྨྲ་བར་བཅུག་ན་ཁྱོད་ཀྱིས་དེ་བཞིན་སྨྲ་དགོས། ཁྱོད་དེ་རྣམས་ལ་མ་འཇིགས་ཤིག ཅི་ལ་ཞེ་ན། བདག་ཁྱོད་དང་མཉམ་དུ་ཡོད་པ་དང་ཁྱོད་སྐྱོབ་པར་འགྱུར་ཞེས་གསུངས་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། དེ་ནས་དཀོན་མཆོག་ཡ་ཝཱེས་ཕྱག་བརྐྱངས་ནས་ངའི་ཁ་ལ་རེག་སྟེ་ང་ལ་འདི་སྐད་དུ། ལྟོས་ཤིག བདག་གིས་རང་གི་གཏམ་ཁྱོད་ཀྱི་སྨྲ་སྒོར་བཞག་པ་ཡིན། 10 དེ་རིང་བདག་གིས་ཁྱོད་ནི་མི་རིགས་དང་རྒྱལ་ཕྲན་ཐམས་ཅད་ཀྱི་མཐོ་སར་འགོད་པ་སྟེ། ཅི་ལ་ཞེ་ན། རྩ་ནས་འབལ་བ་དང་བཤིག་པ། རྩ་མེད་གཏོང་བ། ཕམ་པར་རྒྱག་པ་བཅས་དང་། ཡང་བསྐྱར་འཛུགས་པ་དང་འདེབས་པའི་ཕྱིར་ཡིན་ཞེས་གསུངས།
ཞལ་གཟིགས་གཉིས།
11 ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་བདག་ལ་བྱུང་བ་འདི་ལྟ་སྟེ། ཡེ་རེམ་ཡཱ་ཁྱོད་ཀྱིས་ཅི་ཞིག་མཐོང་ངམ་ཞེས་གསུངས་པར། ངས་འདི་ལྟར། ངས་སྟར་སྡོང་གི་ཡལ་ག་ཞིག་མཐོང་བྱུང་ཞེས་ཞུས་པ་ལ། 12 དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ཁྱོད་ཀྱིས་མཐོང་པ་ལེགས་ཏེ། བདག་གིས་རང་གི་གཏམ་གཟབ་གཟབ་ངང་བསྲུངས་ནས་དེ་འགྲུབ་པར་བྱེད་ངེས་ཡིན་ཞེས་གསུངས། 13 ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ཐེངས་གཉིས་པ་བདག་ལ་བྱུང་བ་འདི་ལྟ་སྟེ། ཡེ་རེམ་ཡཱ་ཁྱོད་ཀྱིས་ཅི་ཞིག་མཐོང་ངམ་ཞེས་གསུངས་པར། ངས་བྱང་ནས་ལྷོ་རུ་བསེགས་པའི་སྣོད་ལས་ཆུ་ཁོལ་བ་མཐོང་བྱུང་ཞེས་ཞུས་པ་ལ། 14 དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། བྱང་ཕྱོགས་ནས་ཆག་སྒོ་འབྱུང་ཞིང་ཡུལ་འདིའི་མི་ཐམས་ཅད་ཀྱི་སྟེང་ལ་འབབ་པར་འགྱུར། 15 ལྟོས་ཤིག བདག་གིས་བྱང་ཕྱོགས་རྒྱལ་ཕྲན་རྣམས་ཀྱི་མི་ཐམས་ཅད་བསྡུ་བར་བྱེད་ཅིང་། དེ་རྣམས་འོངས་ནས་རེ་རེས་ཡེ་རུ་སཱ་ལེམ་གྱི་མཁར་སྒོ་རུ་རང་རང་གི་བཞུགས་ཁྲི་འགོད་པ་དང་། ཉེ་འཁོར་གྱི་མཁར་རྣམས་ལ་རྒོལ་ཞིང་། ཡང་ཡ་ཧུ་དཱའི་གྲོང་ཁྱེར་ཐམས་ཅད་ལ་རྒོལ་བར་འགྱུར་ཞེས་གསུངས་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། 16 མི་འདི་རྣམས་ཀྱིས་བདག་དོར་ནས་ལྷ་གཞན་རྣམས་ལ་སྤོས་བདུགས་ཏེ། རང་གི་ལག་པས་བཟོས་པ་ལ་ཕྱག་བཙལ་ཏོ། །བདག་གིས་སྤྱོད་ངན་འདི་ཐམས་ཅད་ཀྱི་ཕྱིར་དུ་དེ་རྣམས་ལ་ངའི་ཉེས་ཆད་བསྒྲག་པར་འགྱུར་རོ། ། 17 དེ་བས། ཁྱོད་རྣམས་ཀྱིས་སྐ་རགས་ཆོངས་ལ་ཡར་ལོངས་དང་། བདག་གིས་ཁྱོད་ལ་བསྒོས་པའི་བཀའ་ཐམས་ཅད་དེ་དག་ལ་ཤོད་ཅིག བདག་གིས་ཁྱོད་ནི་དེ་དག་གི་མདུན་དུ་འཇིགས་པར་མི་བྱ་བའི་ཆེད་དུ། དེ་རྣམས་ཀྱི་དབང་གིས་ཁྱོད་མ་འཇིགས་ཤིག 18 ལྟོས་དང་། བདག་གིས་དེ་རིང་ཁྱོད་ནི་མཁར་བརྟན་པོ་དང་ལྕགས་ཀྱི་ཀ་བ། ལི་ཡི་གྱང་བཅས་སུ་བྱས་ནས་ས་གཞི་ཡོངས་ཏེ་ཡ་ཧུ་དཱའི་རྒྱལ་པོ་དང་འགོ་དཔོན། མཆོད་དཔོན། ཡུལ་འདིའི་མི་ཐམས་ཅད་བཅས་ལ་འགོག་རྒོལ་བྱེད་དུ་འཇུག་གོ ། 19 དེ་དག་གིས་ཁྱོད་ལ་རྒོལ་ན་ཡང་ཁྱོད་ལས་རྒྱལ་མི་ཐུབ། ཅི་ལ་ཞེ་ན། བདག་ཁྱོད་དང་མཉམ་དུ་ཡོད་པ་དང་ཁྱོད་སྐྱོབ་པར་འགྱུར་ཞེས་གསུངས་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་པའོ། །