ལེའུ་ཉེར་ལྔ་པ།
བྱང་ཕྱོགས་ནས་འོང་བའི་དགྲ་བོ།
1 པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱི་སྲིད་ལོ་དང་པོའམ། ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་བུ་ཡེ་ཧོ་ཡཱ་ཀིམ་བྱ་བའི་སྲིད་ལོ་བཞི་པར། ཡ་ཧུ་དཱའི་མི་ཐམས་ཅད་ཀྱི་སྐོར་དུ་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་སྟེ། 2 ལུང་སྟོན་པ་ཡེ་རེམ་ཡཱ་ཡིས་བཀའ་འདི་རྣམས་ཡ་ཧུ་དཱའི་མི་ཐམས་ཅད་དང་ཡེ་རུ་སཱ་ལེམ་གྱི་ཡུལ་མི་ཀུན་ལ་སྦྲན་ནས་འདི་སྐད་དུ། 3 དེ་ཡང་ཡ་ཧུ་དཱའི་རྒྱལ་པོ་ཨ་མོན་གྱི་བུ་ཡོ་ཤི་ཡཱ་བྱ་བའི་སྲིད་ལོ་བཅུ་གསུམ་པ་ནས་དེ་རིང་གི་བར་དུ་མི་ལོ་ཉེར་གསུམ་གྱི་རིང་ལ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་རྒྱུན་དུ་ང་ལ་བྱུང་ཞིང་། ངས་ཀྱང་ཡང་ནས་ཡང་དུ་ཁྱོད་ཅག་ལ་སྨྲས་ཀྱང་ཁྱོད་ཅག་གིས་མ་མཉན་ཏོ། ། 4 དཀོན་མཆོག་ཡ་ཝཱེས་ཡང་ནས་ཡང་དུ་ཁོང་གི་ཞབས་ཕྱི་ལུང་སྟོན་པ་རྣམས་ཁྱོད་ཚོའི་མདུན་དུ་མངགས་ནའང་། ཁྱོད་ཚོས་མ་མཉན་ལ་རྣ་བ་གཏད་ནས་མ་མཉན་ཏོ། ། 5 ཁོང་རྣམས་ཀྱིས་ཁྱོད་ཅག་ལ་འདི་ལྟར་གསུངས་ཏེ། ཁྱོད་རྣམས་མི་རེ་རེས་འགྱོད་བཤགས་དང་བཅས་རང་རང་གི་ལོག་ལམ་དང་སྤྱོད་ངན་རྣམས་སྤངས་ན། དཀོན་མཆོག་ཡ་ཝཱེས་ཁྱོད་དང་ཁྱོད་ཀྱི་ཕ་མེས་རྣམས་ལ་གནང་བའི་ཡུལ་ཁམས་སུ་དུས་གཏན་དུ་གནས་པར་འགྱུར་ཞེས་པའོ་ཞེས་གསུངས། 6 ལྷ་གཞན་རྣམས་ཀྱི་རྗེས་སུ་མ་འབྲང་ཞིག དེ་དག་ལ་ཞབས་ཏོག་མ་བསྒྲུབ་ཕྱག་ཀྱང་མ་བཙལ་ཞིག རང་གི་ལག་པའི་བཟོས་པ་ཡིས་བདག་ལ་ཁོང་ཁྲོ་ཡང་མ་སློང་ཞིག དེ་ནས་བདག་གིས་ཁྱོད་ཅག་ལ་གནོད་པ་འབྱུང་བར་མི་བྱའོ་ཞེས་སྨྲས་ཀྱང་། 7 ཁྱོད་ཅག་གིས་ང་ལ་མ་མཉན་པར། རང་གི་ལག་པས་བཟོས་པ་ཡིས་ང་ལ་ཁོང་ཁྲོ་བསླངས་ནས་རང་གིས་རང་ལ་གནོད་བསྐྱལ་ཏོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། 8 དེ་བས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཅག་གིས་ངའི་བཀའ་ལ་མ་མཉན་པའི་རྐྱེན་གྱིས། 9 ལྟོས་ཤིག ངས་བྱང་ཕྱོགས་ཀྱི་མི་ཀུན་དང་རང་གི་བྲན་པོ་སྟེ་པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་ཁྲིད་འོངས་ནས། ཡུལ་འདི་དང་འདིའི་འབངས་རྣམས་དང་མཐའ་འཁོར་དུ་སྡོད་པའི་མི་ཡོངས་ལ་རྒོལ་བར་བྱེད་དོ། །ངས་དེ་དག་རྩ་བ་ནས་མེད་པར་བཏང་སྟེ། དེ་དག་ནི་མི་ལ་འཇིགས་སྣང་བསྐྱེད་པ་དང་མི་རྣམས་འཕྱ་དགོད་བྱེད་ཡུལ་དང་། དུས་གཏན་དུ་ཞིག་རོར་ལུས་པའི་གནས་བཅས་སུ་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 10 ཡང་ངས་དེ་དག་གི་ནང་ནས་དགའ་སྤྲོ་དང་དགོད་སྒྲ། མག་གསར་དང་བག་མའི་སྐད། རང་འཐག་གི་སྐད། མར་མེའི་འོད་བཅས་མེད་པར་བྱའོ། ། 11 ཡུལ་ཁམས་འདི་ཐམས་ཅད་ཞིག་རོར་གྱུར་ནས་མི་རྣམས་འཇིགས་སྣང་སྐྱེ་བའི་གནས་སུ་འགྱུར་ཞིང་། མི་རིགས་འདི་དག་གིས་ལོ་བདུན་ཅུའི་རིང་དུ་པཱ་པེལ་ལོན་གྱི་རྒྱལ་པོར་གཡོག་བྱེད་པར་འགྱུར་རོ། ། *ཡ་ཧུ་དཱའི་མི་རྣམས་ནི་སྤྱི་ལོ་སྔོན་གྱི་607ལོ་ནས་537ལོའི་བར་ཏེ་མི་ལོ་བདུན་ཅུའི་རིང་ལ་པཱ་པེལ་ལོན་དུ་བཙན་ཁྲིད་བྱས་ཤིང་། སྤྱི་ལོ་སྔོན་གྱི་539ལོར་པཱ་པེལ་ལོན་དབང་དུ་བསྒྱུར་བ་དང་དེ་ནས་ལོ་གཉིས་ཀྱི་རྗེས་སུ་སྟེ་537ལོར་ཡ་ཧུ་དཱའི་མི་སྡེ་ཕྱིར་རང་ཡུལ་དུ་ལོག་པའི་སྐལ་བ་ལྡན་པ་རེད། 12 ལོ་བདུན་ཅུ་རྫོགས་པའི་རྗེས་སུ་ངས་པཱ་པེལ་ལོན་གྱི་རྒྱལ་པོ་དང་དེའི་མི་རིགས་ཏེ། ཀལ་དི་པའི་ཡུལ་ཁམས་ལ་ཁོ་ཚོའི་སྡིག་ཉེས་ལྟར་ཆད་པ་བཅད་ནས། ཡུལ་ཁམས་དེ་དུས་གཏན་དུ་ཞིག་རོར་ལུས་པར་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 13 མདོ་འདིའི་ནང་དུ་བཀོད་པ་ཐམས་ཅད་དང་། ངས་ཡུལ་ཁམས་དེའི་སྐོར་ལ་སྨྲས་པའི་བཀའ་སྟེ། ཡེ་རེམ་ཡཱ་ཡིས་རྒྱལ་ཁམས་འདི་དག་གི་སྐོར་ལ་ལུང་བསྟན་པ་ཐམས་ཅད་དེ་དག་གི་སྟེང་དུ་འབྱུང་བར་འགྱུར་རོ། ། 14 རྒྱལ་ཁམས་མང་པོ་དང་རྒྱལ་པོ་ཆེན་པོ་རྣམས་ཀྱིས་ཀལ་དི་པ་རྣམས་བྲན་དུ་འཁོལ་ཞིང་། ངས་ཀྱང་དེ་དག་གི་སྤྱོད་པ་དང་ལག་པས་བཟོས་པ་བཞིན་ལན་འཇལ་བར་བྱའོ་ཞེས་གསུངས་སོ། །
དཀོན་མཆོག་གིས་ཡུལ་ཁམས་རྣམས་ལ་ཉེས་ཆད་གཅོད་པ།
15 ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ངའི་ལག་ནས་ཁྲོ་གཏུམ་གྱི་ཕོར་བ་འདི་བླངས་ཏེ། ངས་ཁྱོད་མངགས་པའི་ཡུལ་ཁམས་སོ་སོའི་མི་རིགས་ཐམས་ཅད་ལ་འཐུང་དུ་ཆུག་དང་། 16 ངས་དེ་དག་གི་ནང་དུ་རལ་གྲི་བཏང་བས། དེ་དག་གིས་འཐུང་རྗེས་ཕར་ཡོར་ཚུར་ཡོར་བྱེད་ཅིང་སྨྱོ་བར་འགྱུར་རོ་ཞེས་གསུངས་པས། 17 ངས་ཡ་ཝཱེའི་ཕྱག་ལས་ཕོར་བ་དེ་བླངས་ནས། དཀོན་མཆོག་ཡ་ཝཱེས་བདག་མངགས་པའི་ཡུལ་ཁམས་སོ་སོའི་མི་རིགས་ཐམས་ཅད་ལ་འཐུང་དུ་བཅུག་པ་སྟེ། 18 དེའི་ནང་དུ་ཡེ་རུ་སཱ་ལེམ་དང་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་དང་། ཡེ་རུ་སཱ་ལེམ་གྱི་རྒྱལ་པོ་རྣམས་དང་། དེའི་འགོ་དཔོན་རྣམས་ཡོད་ལ། དེ་དག་གིས་གྲོང་ཁྱེར་དེ་ནི་ཞིག་རོར་ལུས་པ་དང་། འཇིགས་སུ་རུང་བ་དང་འཕྱ་དགོད་དང་དམོད་མོ་བྱེད་ཡུལ་དུ་གྱུར་ནས་དེ་རིང་གི་ཉིན་མོ་དང་འདྲ་བར་བྱས། 19 ཡང་དེའི་ནང་དུ་ཨེ་ཅིབ་ཀྱི་རྒྱལ་པོ་ཕཱར་ཨོལ་དང་དེའི་འཁོར་གཡོག་རྣམས་དང་། རྒྱལ་བློན། དེའི་མི་ཐམས་ཅད་བཅས་དང་། 20 མི་རིགས་གཞན་མཐའ་དག་ཡོད་པ་དང་། ཡང་ཨུ་ཟཱ་ཡུལ་གྱི་རྒྱལ་པོ་ཐམས་ཅད་དང་། ཕེ་ལེ་ཤེད་པའི་ཡུལ་གྱི་རྒྱལ་པོ་ཐམས་ཅད་དང་། ཨ་ཤཱ་ཀེ་ལོན་དང་གཱ་ཟཱ། ཨེག་རོན། ཨ་སི་དོད་བཅས་ཀྱི་ལྷག་ལུས་རྣམས་ཀྱི་རྒྱལ་པོ་དང་། 21 ཨེ་དོམ་དང་མོ་ཨབ། ཨམ་མོན། 22 ཐཱར་བཅས་ཀྱི་རྒྱལ་པོ་ཐམས་ཅད་དང་། ཚི་ཏུན་གྱི་རྒྱལ་པོ་ཐམས་ཅད་དང་། རྒྱ་མཚོའི་ཕ་རོལ་གྱི་གླིང་ཕྲན་རྣམས་ཀྱི་རྒྱལ་པོ་ཐམས་ཅད་དང་། 23 དི་དན་དང་། ཐེ་མཱ་དང་། པུ་ཟཱ་དང་། ཡ་ཐོད་ཀྱི་སྐྲ་གཞར་བའི་ཚོ་པ་ཁག་དང་། 24 ཨ་རབ་ཡུལ་གྱི་རྒྱལ་པོ་ཐམས་ཅད་དང་། དབེན་སྟོང་དུ་གནས་པའི་མི་རིགས་གཞན་རྣམས་ཀྱི་རྒྱལ་པོ་ཐམས་ཅད་དང་། 25 ཟིམ་རེའི་རྒྱལ་པོ་ཐམས་ཅད་དང་། ཨེ་ལཱམ་གྱི་རྒྱལ་པོ་ཐམས་ཅད་དང་། མཱ་ཏི་ཡུལ་གྱི་རྒྱལ་པོ་ཐམས་ཅད་དང་། 26 བྱང་ཕྱོགས་ཉེ་རིང་གི་རྒྱལ་པོ་ཐམས་ཅད་དང་། གནམ་འོག་དང་ས་ངོས་ལ་ཡོད་པའི་རྒྱལ་ཕྲན་ཐམས་ཅད་ཀྱི་མི་རེ་རེས་འཐུང་བ་དང་། རྗེས་སུ་ཤེ་ཤག་ †ཤེ་ཤག་ཅེས་པ་ནི་པཱ་པེལ་ལོན་གྱི་མིང་གི་རྣམ་གྲངས་ཡིན།གི་རྒྱལ་པོས་ཀྱང་དེ་བཏུང་དགོས་སོ། ། 27 དེའི་ཕྱིར་ཁྱོད་ཀྱིས་དེ་དག་ལ་འདི་ལྟར། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ངས་ཁྱོད་ཀྱི་སྟེང་དུ་རལ་གྲི་ལྷུང་བར་བྱ་བས། ཁྱོད་རྣམས་ཀྱིས་འཐུང་ནས་ར་བཟི་བ་དང་། སྐྱུག་ནས་འགྱེལ་ཞིང་ཡར་ལང་མི་ཐུབ་ཅེས་སྨྲོས་ཤིག 28 གལ་སྲིད་དེ་དག་གིས་ཁྱོད་ཀྱི་ལག་ནས་ཕོར་བ་བླངས་ཏེ་འཐུང་བར་མི་བྱེད་ན། ཁྱོད་ཀྱིས་དེ་དག་ལ་འདི་ལྟར། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཅག་གིས་དེ་ཅི་ནས་ཀྱང་འཐུང་དགོས། 29 ཅི་ལ་ཞེ་ན། ལྟོས་ཤིག ངས་རང་གི་མིང་གིས་འབོད་པའི་གྲོང་ཁྱེར་ནས་མགོ་བཙུགས་ཏེ་ཆག་སྒོ་འབྱུང་བར་བྱས་ན། ཁྱོད་ཅག་དེ་ལས་ཐར་བར་འགྱུར་རམ་ཞེ་ན་ཁྱོད་ཅག་ཐར་བར་མི་འགྱུར་ཏེ། ངས་ཡུལ་འདིའི་ཡུལ་མི་ཀུན་གྱི་སྟེང་ལ་རལ་གྲི་འབབ་པར་བྱ་ཞེས་པའོ་ཞེས་སྨྲོས་ཤིག་ཅེས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་གསུངས། 30 དེ་བས་ཁྱོད་ཀྱིས་དེ་དག་ལ་གཏམ་འདི་ཐམས་ཅད་ལུང་བསྟན་ནས་འདི་ལྟར། དཀོན་མཆོག་ཡ་ཝཱེས་མཐོ་ས་ནས་ང་རོ་འདོན་ཞིང་། ཁོང་གི་བཞུགས་གནས་དམ་པ་ནས་གསུང་སྐད་བཏོན་ནས་རང་གི་ལུག་ཁྱུའི་སྟེང་དུ་ངར་སྐད་བསྒྲགས་ཏེ། རྒུན་འབྲུམ་བརྫི་མཁན་དག་དང་འདྲ་བར་ས་ལ་གནས་པ་ཐམས་ཅད་ཀྱི་སྟེང་དུ་ང་རོ་འདོན་པར་འགྱུར། 31 ཡང་དཀོན་མཆོག་ཡ་ཝཱེས་མི་རིགས་ཐམས་ཅད་ལ་སྐྱོན་འཛུགས་ཤིང་མི་ཐམས་ཅད་ལ་འདྲི་གཅོད་བྱེད་པས་ན། ངར་སྐད་དེ་ནི་ས་མཐའི་བར་དུ་སླེབས་པ་ཡིན། ངན་པ་རྣམས་ནི་ཁོང་གིས་རལ་གྲིར་གཏོད་ངེས་ཡིན་ཞེས་སྨྲོས་ཤིག་ཅེས་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། 32 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག ཆག་སྒོ་ནི་ཡུལ་ཁམས་འདི་ནས་ཡུལ་ཁམས་གཞན་པའི་བར་དུ་འབྱུང་བར་འགྱུར་ཏེ། ས་མཐའ་ནས་རླུང་ནག་འཚུབ་མ་ཞིག་གཡུག་པར་འགྱུར་ཞེས་གསུངས། 33 ཉིན་མོ་དེར་དཀོན་མཆོག་ཡ་ཝཱེས་བསྣུན་ནས་བསད་པ་ནི་ས་གཞིའི་མཐའ་གཅིག་ནས་མཐའ་གཞན་པའི་བར་དུ་ཡོད་པར་འགྱུར་གྱི། དེ་དག་གི་ཕྱིར་མྱ་ངན་བྱེད་མཁན་སུ་ཡང་མེད་ལ། བསྡུ་མཁན་དང་དུར་ལ་སྐུང་མཁན་ཡང་མེད་པར་ལུད་ལྟར་ས་ངོས་སུ་ལུས་པར་འགྱུར་རོ། ། 34 ཀྱེ་ཁྱོད་རྫི་བོ་རྣམས་ཀྱིས་ངུ་འབོད་བྱོས་ལ་འོ་དོད་བོས་ཤིག ཁྱོད་ལུག་ཁྱུའི་འགོ་ཁྲིད་རྣམས་ཐལ་བའི་ནང་དུ་འགྲེ་ལྡོག་རྒྱོབ་ཅིག ཅི་ལ་ཞེ་ན། ཁྱོད་གསོད་པའི་ཉིན་མོ་དང་ཁྱོད་གཏོར་བའི་དུས་ལ་སླེབས་ཤིང་། ངས་ཁྱོད་རྣམས་དུམ་བུར་གཅོག་པར་བྱ་སྟེ། ཁྱོད་རྣམས་ནི་སྣོད་སྤྱད་རྩ་ཆེན་དག་སར་ལྷུང་ནས་ཆག་པ་བཞིན་དུ་འགྱེལ་བར་འགྱུར། 35 རྫི་བོ་རྣམས་འབྲོ་ས་མེད་དེ། ལུག་ཁྱུའི་འགོ་ཁྲིད་དག་ཀྱང་ཐར་བར་མི་འགྱུར། 36 ཉོན་ཅིག དཀོན་མཆོག་ཡ་ཝཱེས་དེ་དག་གི་རྩྭ་ས་གཏོར་བས་ན། རྫི་བོས་སྐད་རྒྱག་ཅིང་ལུག་ཁྱུའི་འགོ་ཁྲིད་དག་གིས་ངུ་འབོད་བྱེད་པའོ། ། 37 དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་དྲག་པོའི་རྐྱེན་གྱིས། ལྷིང་འཇགས་སུ་གནས་པའི་ལུག་ར་རྣམས་ཀྱང་རྩ་ནས་བཤིག་གོ ། 38 དེ་ནི་སེང་གེ་དར་མ་རང་གི་བྲག་ཕུག་དང་བྲལ་བར་འདྲ་ཞིང་། མི་ལ་གཉའ་གནོན་བྱེད་པའི་རལ་གྲི་དང་ཁོང་གི་ཁྲོ་གཏུམ་གྱི་དབང་གིས་དེ་དག་གི་ཡུལ་ནི་མི་མེད་ལུང་སྟོང་དུ་གྱུར་ཏོ། །
*ལེའུ་ཉེར་ལྔ་པ།:11 ཡ་ཧུ་དཱའི་མི་རྣམས་ནི་སྤྱི་ལོ་སྔོན་གྱི་607ལོ་ནས་537ལོའི་བར་ཏེ་མི་ལོ་བདུན་ཅུའི་རིང་ལ་པཱ་པེལ་ལོན་དུ་བཙན་ཁྲིད་བྱས་ཤིང་། སྤྱི་ལོ་སྔོན་གྱི་539ལོར་པཱ་པེལ་ལོན་དབང་དུ་བསྒྱུར་བ་དང་དེ་ནས་ལོ་གཉིས་ཀྱི་རྗེས་སུ་སྟེ་537ལོར་ཡ་ཧུ་དཱའི་མི་སྡེ་ཕྱིར་རང་ཡུལ་དུ་ལོག་པའི་སྐལ་བ་ལྡན་པ་རེད།
†ལེའུ་ཉེར་ལྔ་པ།:26 ཤེ་ཤག་ཅེས་པ་ནི་པཱ་པེལ་ལོན་གྱི་མིང་གི་རྣམ་གྲངས་ཡིན།