༄༅། །ཨེས་ཡོབ་ཀྱི་མདོ།
ཨེས་ཡོབ་ཀྱི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཨེས་ཡོབ་ཅེས་པའི་གཞུང་གི་ཁ་བྱང་ནི་མི་སྣ་གཙོ་བོ་ཨེས་ཡོབ་ཀྱི་མིང་ནས་ཐོགས་པ་ཡིན། ཁོང་ནི་གཞུང་རྒྱུད་དྲང་བའི་མི་ཞིག་ཡིན་པར་མ་ཟད་ཧ་ཅང་ཕྱུག་པོ་ཞིག་ཀྱང་ཡིན། ཐ་ན་རང་ལ་ཡོད་པ་ཐམས་ཅད་ཤོར་བ་དང་ན་བའི་སྡུག་བསྔལ་གྱིས་རབ་ཏུ་གཙེས་ནའང་། ཁོང་གིས་སྔར་བཞིན་དཀོན་མཆོག་ལ་དད་པ་ཡོད་ཅེས་བསྒྲགས་པ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
གཞུང་གི་ནང་དུ་བརྗོད་པའི་གཏམ་ཕལ་ཆེ་བ་ཨེས་ཡོབ་དང་ཁོང་གི་སློབ་སྟོན་པ་རྣམས་ཀྱིས་སྨྲས་པ་ཡིན་ནའང་། ཨེས་ཡོབ་ཀྱི་གཞུང་འདི་ཡི་གེར་འགོད་མཁན་ནི་མིན། གཞུང་འདི་ཡི་གེར་འགོད་མཁན་ཡེས་ར་ཨེལ་པ་ཞིག་ཡིན་པར་ཐེ་ཚོམ་མེད་དེ། ཡི་གེར་འགོད་མཁན་གྱིས་ཡེས་ར་ཨེལ་གྱི་ངག་རྒྱུན་དང་མ་ཕྱི་གཉིས་གཟིགས་མོར་ཕུལ་བར་མ་ཟད། ངག་རྒྱུན་དང་མ་ཕྱི་གཉིས་ལ་བརྟེན་ནས་གཞུང་འདི་ཡི་གེར་བཀོད་པ་རེད།
དེ་ལ་དུས་སྐབས་མི་གཅིག་པ་གཉིས་མཆིས། (1) ཨེས་ཡོབ་ཀྱི་དུས་དང་ཁོང་གི་ལོ་རྒྱུས་བྱུང་བའི་དུས་སྐབས། (2) དཀོན་མཆོག་གིས་སྐུལ་སློང་གནང་བ་ལ་བརྟེན་ནས་གཞུང་འདི་ཡི་གེར་བཀོད་པའི་དུས་གཉིས་ཡིན། དུས་སྐབས་གཉིས་པ་ནི་སོ་ལོ་མོན་གྱིས་སྲིད་བསྐྱངས་པའི་སྐབས་ནས་པཱ་པེལ་ལོན་གྱིས་ཡེས་ར་ཨེལ་པ་རྣམས་བཙན་ཁྲིད་བྱས་པའི་དུས་གང་རུང་ཞིག་ཏུ་བྱུང་། གཞུང་གི་ནང་དུ་བྱུང་བའི་དོན་རྣམས་དུས་ནམ་ཞིག་ལ་བྱུང་བ་ཡིན་ཞེ་ན། སྤྱི་ལོ་སྔོན་གྱི་1000ལོ་ནས་2000ལོའི་ཡས་མས་སུ་བྱུང་བ་སྟེ། སྤྱི་ལོ་སྔོན་གྱི་ཆིག་སྟོང་ལོ་དང་ཉིས་སྟོང་ལོའི་བར་གྱི་ལོ་ངོ་ཆིག་སྟོང་གི་སྨད་ཙམ་ལ་བྱུང་བ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
གཞུང་འདི་ལས་མི་རྣམས་ཀྱིས་སྡུག་བསྔལ་མྱོང་བཞིན་ཡོད་པ་དང་། གལ་ཏེ་དཀོན་མཆོག་ནི་བྱམས་བརྩེའི་བདག་ཉིད་ཡིན་ན། གཞུང་རྒྱུད་དྲང་བའི་མི་རྣམས་ཀྱིས་སྡུག་བསྔལ་ཆེན་པོ་མྱོང་བའི་རྒྱུ་མཚན་ཅི། དེ་ལས་ཀྱང་ཉེས་པ་མེད་པའི་མི་ལ་སྡུག་བསྔལ་འབྱུང་སྲིད་ན་བླ་ན་མེད་པའི་དཀོན་མཆོག་གི་བདེན་ལུགས་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་སམ་ཞེས་དོགས་འདྲི་བྱས་ཡོད། དེའི་སྐོར་ལ་འདི་ལྟར་གསུངས་ཡོད་དེ། སྐབས་རེར་གཞུང་རྒྱུད་དྲང་བའི་མི་ལ་སྡུག་བསྔལ་འབྱུང་བ་ནི་བར་སྣང་ཁམས་སུ་ཡོད་པའི་དཀོན་མཆོག་དང་བདུད་སཱ་ཏན་གཉིས་བར་གྱི་འཐབ་རྩོད་དང་འབྲེལ་བ་ངེས་ཅན་ཡོད་པ་རེད།
འཆར་ཟིན།
1. ངོ་སྤྲོད། ༼1:1-2:13༽
2. ཨེས་ཡོབ་དང་ཁོང་གི་མཆེད་གྲོགས་བར་གྱི་གླེང་མོལ་དང་རྩོད་གཞིའི་སྐོར། ༼3:1-27:23༽
3. བར་གསེང་དུ་དཀོན་མཆོག་གི་ཤེས་རབ་སྐོར་གྱི་ཁ་བརྡ། ༼28:1-28༽
4. ཨེས་ཡོབ་དང་ཨེ་ལི་ཧུ། དཀོན་མཆོག་བཅས་ཀྱི་གསུང་། ༼29:1-42:6༽
5. མཇུག་གི་གཏམ། ༼42:7-17༽
ལེའུ་དང་པོ།
བདུད་སཱ་ཏན་གྱིས་ཨེས་ཡོབ་ལ་ཉམས་ཚོད་ལེན་པར་དཀོན་མཆོག་ཡ་ཝཱེའི་བཀའ་འཁྲོལ་བ།
ཨུ་ཟཱ་ཞེས་བྱ་བའི་ཡུལ་ཁམས་སུ་ཨེས་ཡོབ་ཅེས་པའི་སྐྱེས་བུ་ཞིག་ཡོད་ཅིང་། དེ་ནི་སྐྱོན་གྱི་དྲི་མས་མ་གོས་པ་དང་སེམས་རྒྱུད་དྲང་བ། དཀོན་མཆོག་ལ་གུས་ཤིང་འཇིགས་པ་དང་ངན་པའི་ལས་ལ་འཛེམ་པ་ཞིག་ཡིན། དེ་ལ་བུ་བདུན་དང་བུ་མོ་གསུམ་སྐྱེས་ཡོད། དེའི་རྒྱུ་ནོར་ལ་ར་ལུག་བདུན་སྟོང་དང་། རྔ་མོང་སུམ་སྟོང་། བ་གླང་དོར་ལྔ་བརྒྱ། བོང་མོ་ལྔ་བརྒྱ། གཡོག་འཁོར་མང་པོ་བཅས་ཡོད་པས། སྐྱེས་བུ་དེ་ཤར་ཕྱོགས་པ་རྣམས་ལས་མཆོག་ཏུ་གྱུར་ཏོ། ། ཡང་དེའི་བུ་རྣམས་ཀྱིས་དུས་བཅད་ལྟར་རེ་རེའི་ཁྱིམ་དུ་གསོལ་སྟོན་ཤོམ་རེས་བྱེད་པ་དང་། ལྷན་ཅིག་ཏུ་བཟའ་བཏུང་ལ་རོལ་བའི་ཕྱིར་ལྕམ་སྲིང་གསུམ་པོ་འབོད་དུ་མི་བཏང་བ་རེད། གསོལ་སྟོན་གྱི་ཉིན་རྣམས་རྫོགས་པའི་དུས་སུ། ཨེས་ཡོབ་ཀྱིས་མི་མངགས་ནས་དེ་དག་ལ་གཙང་སྦྲ་བྱེད་དུ་བཅུག་པ་རེད། ཁོང་ཞོགས་པ་ཡར་ལངས་ནས་དེ་རྣམས་ཀྱི་གྲངས་ཀ་བཞིན་དུ་སྦྱིན་སྲེག་གི་མཆོད་པ་རྣམས་ཕུལ། ཅིའི་ཕྱིར་ཞེ་ན། ཁོང་གིས་ངའི་བུ་རྣམས་ཀྱིས་ཉེས་པ་བྱས་ཏེ། སེམས་ནས་དཀོན་མཆོག་ལ་སྨད་ཀྱང་སྲིད་སྙམ་དུ་བསམས་པ་རེད། ཨེས་ཡོབ་ཀྱིས་རྒྱུན་དུ་དེ་ལྟར་བྱེད་པའོ། ། ཉིན་ཞིག་ལ་དཀོན་མཆོག་གི་ཕོ་ཉ་རྣམས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་བྱོན་པ་དང་། བདུད་སཱ་ཏན་བྱ་བ་ཡང་དེ་དག་གི་ཁྲོད་དུ་འོངས། དཀོན་མཆོག་ཡ་ཝཱེས་སཱ་ཏན་ལ་འདི་སྐད་དུ། ཁྱོད་གང་ནས་འོངས་པ་ཡིན་ཞེས་དྲིས་པར། སཱ་ཏན་གྱིས་དཀོན་མཆོག་ཡ་ཝཱེ་ལ་ཞུ་ལན་དུ། ང་ནི་ས་གཞི་རུ་ཡར་མར་རྒྱུ་ཞིང་དེ་རུ་འཁོར་ནས་འོངས་པ་ཡིན་ཞེས་ཞུས་པ་དང་། དཀོན་མཆོག་ཡ་ཝཱེས་སཱ་ཏན་ལ་འདི་སྐད་དུ། ཁྱོད་ཀྱིས་ངའི་ཞབས་ཕྱི་ཨེས་ཡོབ་ལ་ཞིབ་ཏུ་བལྟས་སམ། ས་སྟེང་དུ་དེ་དང་འདྲ་བའི་མི་སྐྱོན་གྱི་དྲི་མས་མ་གོས་པ་དང་སེམས་རྒྱུད་དྲང་བ། དཀོན་མཆོག་ལ་གུས་ཤིང་འཇིགས་པ། ངན་པའི་ལས་ལ་འཛེམ་པ་གཞན་སུ་ཡང་མེད་ཅེས་གསུངས། དེ་ནས་སཱ་ཏན་གྱིས་དཀོན་མཆོག་ཡ་ཝཱེ་ལ་ཞུ་ལན་དུ། ཨེས་ཡོབ་ནི་དོན་མེད་པར་དཀོན་མཆོག་ལ་གུས་ཤིང་འཇིགས་པ་ཡིན་ནམ། 10 ཁྱེད་ཀྱིས་དེ་དང་དེའི་ཁང་པའི་མཐའ་སྐོར་དང་། དེའི་རྒྱུ་ནོར་ཐམས་ཅད་ཀྱི་ཕྱོགས་བཞི་ར་བས་བསྐོར་བ་མ་ཡིན་ནམ། ཁྱེད་ཀྱིས་དེའི་ལག་གི་ལས་ཀ་ཡོངས་ལ་བྱིན་གྱིས་བརླབས་པས། དེའི་རྒྱུ་ནོར་ཡུལ་དེར་ཆེ་ཆེར་འཕེལ་ཏོ། ། 11 འོན་ཀྱང་ཁྱེད་ཀྱིས་ཕྱག་བརྐྱངས་ཏེ་ཁོ་ལ་གང་ཡོད་པ་ཐམས་ཅད་བརླག་པར་མཛད་ན། དེས་ཐད་ཀར་ཁྱེད་ལ་སྨོད་པར་མི་བྱའམ་ཞེས་ཞུས་པ་དང་། 12 དཀོན་མཆོག་ཡ་ཝཱེས་སཱ་ཏན་ལ་འདི་སྐད་དུ། ལྟོས་དང་། ཁོ་ལ་ཅི་ཡོད་པ་ཐམས་ཅད་ཁྱོད་ཀྱི་དབང་དུ་ཡོད་ནའང་། ཁོ་རང་ལ་ཁྱོད་ཀྱི་ལག་པས་མ་རེག་ཅིག་ཅེས་བསྒོས་པ་དང་། སཱ་ཏན་དཀོན་མཆོག་ཡ་ཝཱེའི་སྤྱན་སྔ་ནས་སོང་ངོ་། །
ཨེས་ཡོབ་ཀྱི་བུ་བུ་མོ་དང་རྒྱུ་ནོར་རྣམས་ཤོར་བ།
13 ཉིན་ཞིག་ལ་ཨེས་ཡོབ་ཀྱི་བུ་བུ་མོ་རྣམས་ཀྱིས་ཁོ་ཚོའི་གཅེན་པོའི་ཁྱིམ་དུ་བཟའ་བཏུང་ལ་རོལ་ནས་རྒུན་ཆང་འཐུང་བའི་ཚེ་ན། 14 བང་ཆེན་ཞིག་ཨེས་ཡོབ་ཀྱི་དྲུང་དུ་འོངས་ནས་ན་རེ། བ་གླང་རྣམས་ཀྱིས་ཞིང་རྨོ་བ་དང་བོང་མོ་རྣམས་ཀྱིས་དེ་དག་གི་འཁོར་དུ་རྩྭ་ཟ་བཞིན་པའི་སྒང་ལ། 15 ཤེ་བཱ་པ་རྣམས་གློ་བར་དུ་འོངས་ཏེ་ཕྱུགས་ཟོག་རྣམས་ཕྲོགས་ནས་ཁྱེར་བར་མ་ཟད། ཞབས་ཕྱི་པ་རྣམས་རལ་གྲིས་བཀུམས། བདག་གཅིག་པོ་ཐར་ཏེ་ཁྱེད་ལ་འཕྲིན་བསྐྱལ་འོངས་པ་ཡིན་ཞེས་ཞུས། 16 ཁོས་དེ་བཞིན་ཞུ་བའི་མོད་ལ་ཡང་མི་གཅིག་འོངས་ནས་ན་རེ། དཀོན་མཆོག་གིས་ནམ་མཁའ་ནས་མེ་ཕབ་སྟེ་ལུག་ཁྱུ་དང་ཞབས་ཕྱི་པ་རྣམས་བསྲེགས་ནས་མེད་པར་བྱས་ཤིང་། བདག་གཅིག་པོ་ཐར་ནས་ཁྱེད་ལ་འཕྲིན་བསྐྱལ་འོངས་པ་ཡིན་ཞེས་ཞུས། 17 ཁོས་ཞུ་འཕྲོ་མ་རྫོགས་པར་ཡང་གཞན་ཞིག་འོངས་ནས་ན་རེ། ཀལ་དི་པ་རྣམས་ཁག་གསུམ་བྱས་ནས་གློ་བུར་ཉིད་ལ་འོངས་ཏེ་རྔ་མོང་རྣམས་ཕྲོགས་ནས་ཁྲིད་པར་མ་ཟད། ཞབས་ཕྱི་པ་རྣམས་རལ་གྲིས་བཀུམས། བདག་གཅིག་པོ་ཐར་ཏེ་ཁྱེད་ལ་འཕྲིན་བསྐྱལ་འོངས་པ་ཡིན་ཞེས་ཞུས། 18 ཁོས་ཞུ་འཕྲོ་མ་རྫོགས་པར་ཡང་མི་གཅིག་འོངས་ནས་ཁོ་ལ། ཁྱེད་ཀྱི་བུ་དང་བུ་མོ་རྣམས་ཀྱིས་གཅེན་པོའི་ཁྱིམ་དུ་གསོལ་བ་བཞེས་ནས་རྒུན་ཆང་འཐུང་བཞིན་པའི་མོད་ལ། 19 བློ་ཡིད་ལས་འདས་པ་ཞིག་ལ་དབེན་སྟོང་ནས་རླུང་ཆེན་ཞིག་གཡུགས་འོངས་ནས་ཁང་པའི་གྲུ་བཞིར་ཕོག་སྟེ། ཁང་པ་གཞོན་ནུ་རྣམས་ཀྱི་སྟེང་ལ་བརྡིབས་ནས་ཁོང་རྣམས་འདས་སོང་། བདག་གཅིག་པོ་ཐར་ནས་ཁྱེད་ལ་འཕྲིན་བསྐྱལ་འོངས་པ་ཡིན་ཞེས་ཞུས་པ་དང་། 20 ཨེས་ཡོབ་ཡར་བཞེངས་ཏེ་གྱོན་གོས་བཤགས་ནས་སྐྲ་བཞར་བ་དང་། ཁ་སར་བཏུད་ནས་ཕྱག་བཙལ་ཏེ་ན་རེ། 21 བདག་ནི་མའི་མངལ་ནས་གཅེར་བུར་ཐོན་པ་དང་སླར་ཡང་གཅེར་བུར་ཕྱིར་ལོག་དགོས། དཀོན་མཆོག་ཡ་ཝཱེས་གནང་ཞིང་དཀོན་མཆོག་ཡ་ཝཱེས་བླངས། དཀོན་མཆོག་ཡ་ཝཱེའི་མཚན་ནི་བསྟོད་འོས་པ་ཡིན་ཞེས་གསུངས་པ་དང་། 22 དོན་འདི་ཐམས་ཅད་ཀྱི་ནང་དུ་ཨེས་ཡོབ་ཀྱིས་ཉེས་པ་མ་བྱས་པ་དང་། དཀོན་མཆོག་ལ་སྙད་ཀྱང་མ་བཙུགས་སོ། །