ལེའུ་བརྒྱད་པ།
པེལ་དེལ་གྱི་ཁ་བརྡ་དང་པོ།
དེ་ནས་ཤུ་ཧེ་པ་པེལ་དེལ་གྱིས་ལན་བཏབ་ནས་ན་རེ། ནམ་བར་ཁྱེད་ཀྱིས་འདི་འདྲ་གླེང་བར་བྱ། ། ནམ་བར་ཁྱེད་ཀྱི་ཚིག་ནི་རླུང་ལྟར་འཚུབ། ། དཀོན་མཆོག་ཁོང་ནི་དྲང་བདེན་ལས་འཛོལ་ལམ། ། ཀུན་དབང་ཁོང་ནི་བདེན་པ་ལས་འཛོལ་ལམ། ། ཡང་ན་ཁྱེད་ཀྱི་བུ་ཚོས་ཁོང་ལ་སྡིག་པ་བྱས་པས་ན། ། ཁོང་གིས་དེ་དག་ལ་ནི་ཉེས་ཆད་ཕོག་ཏུ་བཅུག་པ་ཡིན། ། ཁྱེད་ཀྱིས་སེམས་གཏིང་དཀོན་མཆོག་བཙལ་ནས་ནི། ། ཀུན་དབང་ཉིད་ལ་ཡང་ཡང་ཞུས་པ་དང་། ། ཁྱེད་ནི་གཙང་ཞིང་དྲང་པོ་ཡིན་གྱུར་ན། ། ཁོང་ཉིད་ཁྱེད་ཀྱི་དོན་དུ་བཞེངས་ངེས་ཏེ། ། ཁྱེད་ཀྱི་དྲང་པོའི་ཁྱིམ་ནི་དར་བར་མཛད། ། ཐོག་མར་ཁྱེད་ནི་ཉམས་ཆུང་ཡང་། ། རྗེས་སུ་རབ་ཏུ་རྒྱས་པར་འགྱུར། ། ཁྱེད་ཀྱིས་མེས་པོ་རྣམས་ལ་འདྲི་བར་མཛོད། ། དེ་ཚོའི་མེས་པོས་བརྟགས་པ་སེམས་ལ་ཟུངས། ། ང་ཚོ་ཁ་སང་སྐྱེས་པས་ཅང་མི་ཤེས། ། ང་ཚོའི་མི་ཚེ་གྲིབ་མ་ཙམ་དུ་སྣང་། ། 10 དེ་ཚོས་ཁྱེད་ལ་བསླབ་ཅིང་འཆད་པ་དང་། ། ཁྱེད་ལ་སེམས་ཀྱི་སྙིང་གཏམ་སྨྲ་བར་འགྱུར། ། 11 འདམ་རྫབ་མེད་སར་པ་པི་རཱ་སྐྱེ་འམ། ། ཆུ་དང་བྲལ་ན་འདམ་རྩྭ་སྐྱེ་སྲིད་དམ། ། 12 དེ་ནི་སྔོ་ལྗང་ཡིན་དུས་མ་བྲེག་གོང་། ། རྩི་ཤིང་ཀུན་ལས་དེ་ནི་སྔོན་ལ་སྐམ། ། 13 དཀོན་མཆོག་བརྗེད་པའི་མི་ཀུན་གྱི། ། ལམ་ཡང་དེ་དང་དེ་འདྲ་སྟེ། ། དད་མེད་རྣམས་ཀྱི་རེ་བ་ཡང་། ། ཡོད་ཚད་སྟོངས་པར་འགྱུར་ངེས་ཡིན། ། 14 ཁོ་ཡི་བརྟེན་ས་སྡོམ་དྲ་ཡིན་པས་ན། ། གང་ལ་བརྟེན་པ་རྩ་ནས་གཅོད་ངེས་ཡིན། ། 15 དེ་ཡིས་ཁང་པར་བརྟེན་ཡང་ཚུགས་མི་ཐུབ། ། ཁང་པར་དམ་དུ་འཇུས་རུང་གནས་མི་འགྱུར། ། 16 ཁོ་ནི་ཉི་མའི་འོག་ཏུ་ལོ་འདབ་རྒྱས། ། ལྕུག་ཕྲན་དག་ནི་སྐྱེད་ཚལ་ནང་དུ་ཁྱབ། ། 17 དེ་ཡི་རྩ་བ་རྡོ་སྤུངས་ལ་འཁྲིལ་ཞིང་། ། དེ་ནི་རྡོ་ཡི་སྲིབ་ལ་ཡོངས་སུ་འཛུལ། ། 18 སུ་ཡིས་དེ་ནི་རང་གནས་ལས་བལ་ན། ། ས་དེས་ཁོ་ནི་ངོ་ཡང་མི་ཤེས་ཏེ། ། ང་ཡིས་ཁྱོད་རང་མཐོང་མྱོང་མེད་ཅེས་ཟེར། ། 19 ལྟོས་དང་འདི་དེའི་ལམ་གྱི་དགའ་སྤྲོ་སྟེ། ། དེ་ནས་གཞན་རྣམས་ས་ལས་འཁྲུངས་པར་འགྱུར། ། 20 དཀོན་མཆོག་གིས་ནི་དྲང་པོ་མི་འདོར་ཞིང་། ། སྡིག་སྤྱོད་ལ་ཡང་རོགས་རམ་གནང་མི་འགྱུར *འདིར་མ་ཕྱི་ལས་སྡིག་སྤྱོད་རྣམས་ཀྱི་ལག་པར་འཇུ་མི་བྱ་ཞེས་མཐོང་།། ། 21 ཁོང་གིས་ཁྱེད་ཀྱི་སྨྲ་སྒོར་གད་མོ་དང་། ། མཆུ་ནི་དགའ་མགུས་འགེངས་པར་མཛད་འགྱུར་རོ། ། 22 ཁྱེད་ལ་སྡང་པ་རྣམས་ནི་ངོ་ཚས་གཡོག ། མི་ངན་དག་གི་གུར་ནི་ལུས་མི་འགྱུར། །

*ལེའུ་བརྒྱད་པ།:20 འདིར་མ་ཕྱི་ལས་སྡིག་སྤྱོད་རྣམས་ཀྱི་ལག་པར་འཇུ་མི་བྱ་ཞེས་མཐོང་།