ལེའུ་ཉེར་བརྒྱད་པ།
ཤེས་རབ་ལ་བསྟོད་པ།
1 དངུལ་ལ་གཏེར་ཁ་ཡོད་པ་བཞིན། ། གསེར་ལ་བཙོ་སྦྱང་བྱེད་ས་ཡོད། ། 2 ལྕགས་ནི་ས་ཡི་འོག་ནས་འདོན་པར་བྱེད། ། ཟངས་ཀྱང་རྡོ་ཡི་སྣུམ་ལས་བཞུ་ཞིང་འདོན། ། 3 མི་ཡིས་མུན་པར་མཐའ་མཚམས་གཅོད་པ་དང་། ། རྒྱང་རིང་གསང་བའི་ཡུལ་གྱི་སྨག་རུམ་ཁྲོད། ། མཐའ་མཚམས་ཕུག་གི་གཏེར་རྡོ་འཚོལ་བྱེད་དོ། ། 4 དེ་ཡིས་དབེན་སར་གཏེར་ཁ་བརྟོལ་བ་དང་། ། རྐང་རྗེས་མེད་པའི་གནས་སུ་བརྗེད་པར་གྱུར། ། མི་དང་བྲལ་ཏེ་མཁའ་རུ་དཔྱངས་ནས་སྡོད། ། 5 ས་གཞི་ལས་ནི་འབྲུ་རིགས་ཐོན་པ་དང་། ། ས་གཞིའི་འོག་ནས་མེ་བཞིན་འཕྱུར་བ་སྟེ། ། 6 ས་ཡི་རྡོ་ལས་ཨིནྡྲ་ནཱི་ལ་དང་། ། དེ་རུ་ད་དུང་གསེར་ཕྱེ་ཡང་ཡོད་ཅིང་། ། 7 བྱ་རྒོད་ཀྱིས་ནི་ལམ་དེ་མི་ཤེས་ལ། ། གླག་གི་མིག་གིས་དེ་ནི་མཐོང་མྱོང་མེད། ། 8 རློམ་སེམས་ཅན་གྱི་གཅན་གཟན་དེར་མ་སླེབས། ། སེང་གེ་རྩུབ་པོ་གནས་དེར་རྒྱུ་མ་མྱོང་། ། 9 མི་ཡི་ལག་པས་མེ་རྡོར་ཁུང་འབིགས་གཏད། ། རི་བོ་རྣམས་ཀྱི་རྩ་བ་བསློགས་པ་སྟེ། ། 10 བྲག་རྡོ་རྣམས་ལས་ཆུ་རྐ་བརྐོས་པ་དང་། ། རིན་ཆེན་སྣ་ཚོགས་མིག་གིས་དངོས་སུ་མཐོང་། ། 11 དེ་ཡིས་གཙང་པོ་བཀག་ནས་ཆུ་མ་ཐིགས། ། སྦས་པའི་དངོས་པོ་ཐམས་ཅད་མངོན་པར་བཅུག ། 12 འོན་ཀྱང་ཤེས་རབ་གང་ནས་རྙེད་འགྱུར་རམ། ། བློ་གྲོས་ལྡན་པའི་གནས་ནི་གང་དུ་ཡོད། ། 13 ཤེས་རབ་ཀྱི་ནི་རིན་ཐང་སུ་ཡིས་ཤེས། ། གསོན་པོའི་གནས་སུ་དེ་ནི་རྙེད་མི་སྲིད། ། 14 གཏིང་ཟབ་ཀྱིས་ནི་བདག་ནང་དེ་མེད་ཟེར། ། རྒྱ་མཚོ་ཡིས་ཀྱང་ང་མཉམ་དེ་མེད་ཟེར། ། 15 ཤེས་རབ་དེ་ནི་གསེར་གྱིས་བརྗེ་མི་ནུས། ། དངུལ་གྱིས་དེ་ཡི་རིན་ཐང་ཚད་མི་ཐུབ། ། 16 ཨོ་ཕིར་གསེར་དང་རིན་ཆེན་གཟི་དང་ནི། ། ད་དུང་རིན་ཆེན་ཨིནྡྲ་ནཱི་ལ་ཡང་། ། དེ་ཡི་ཤེས་རབ་དང་ནི་འགྲན་མི་ནུས། ། 17 གསེར་དང་ཤེལ་གཉིས་དེ་དང་བསྡུར་མི་ཕོད། ། ལྷད་མེད་གསེར་གྱིས་དེ་ནི་བརྗེ་མི་ཐུབ། ། 18 བྱུ་རུ་རིན་པོ་ཆེ་གཉིས་གླེང་རིན་མེད། ། མུ་ཏིག་ལས་ཀྱང་ཤེས་རབ་རིན་ཐང་ཆེ། ། 19 གུ་ཤའི་སྤྲིན་རྡོ་དེ་དང་བསྡུར་མི་ཕོད། ། ལྷད་མེད་གསེར་ཡང་དེ་ཡི་འགྲན་ཡ་མིན། ། 20 དེས་ན་ཤེས་རབ་གང་ནས་འབྱུང་བ་དང་། ། བློ་གྲོས་ལྡན་པའི་གནས་ནི་གང་དུ་ཡོད། ། 21 སྲོག་ལྡན་ཀུན་གྱི་མིག་ལས་དེ་སྦས་ཤིང་། ། ནམ་མཁའི་འདབ་ཆགས་ལས་ནི་དེ་ཡིབ་སྟེ། ། 22 འཇིག་པ་འཆི་བ་གཉིས་པོས་འདི་ལྟར་སྨྲ། ། ང་ཚོའི་རྣ་བས་དེ་ཡི་སྐད་ཙམ་ཐོས། ། 23 དཀོན་མཆོག་གིས་ནི་ཤེས་རབ་ལམ་མཁྱེན་ཏེ། ། ཤེས་རབ་གནས་ས་ཡང་ནི་ཁོང་གིས་མཁྱེན། ། 24 ས་མཚམས་བར་དུ་ཁོང་གིས་དཔྱད་པ་བཏང་། ། གནམ་ས་ཡོངས་ལ་ཁོང་གིས་གཟིགས་པས་སོ། ། 25 ཁོང་གིས་རླུང་གི་དྲག་འཇམ་བཅད་པ་དང་། ། ཆུ་ཡི་ཚད་གཞི་ཡང་ནི་འཇལ་བ་སྟེ། ། 26 ཆར་བའི་ཆེད་དུ་བཀའ་འདོམས་མཛད་ནས་ནི། ། གློག་དམར་རྒྱུ་བའི་ལམ་ཡང་སྟོན་པར་མཛད། ། 27 དུས་དེར་ཁོང་གིས་ཤེས་རབ་གཟིགས་པ་ན། ། ཤེས་རབ་འཆད་ནས་བརྟན་པོར་མཛད་པ་དང་། ད་དུང་དེ་ལ་ཞིབ་བཤེར་མཛད་པ་ཡིན། ། 28 ཁོང་གིས་མི་ལ་འདི་སྐད་གསུངས། ། ལྟོས་དང་གཙོ་བོ་ཁོང་ཉིད་ལ། ། གུས་ཤིང་འཇིགས་པ་ཤེས་རབ་ཡིན། ། ངན་པར་བྲལ་ན་བློ་གྲོས་ཡིན། །