ལེའུ་སོ་གསུམ་པ།
1 ཨེས་ཡོབ་ཁྱེད་ཀྱིས་བདག་གི་གླེང་མོར་གསོན། ། བདག་གི་གཏམ་གླེང་ཐམས་ཅད་གསན་པར་མཛོད། ། 2 གཟིགས་དང་ད་ནི་བདག་གི་མཆུ་སྒྲོས་འབྱེད། ། བདག་གི་ཁ་ནང་ལྕེ་ཡིས་གཏམ་སྨྲ་ཞིང་། ། 3 ང་ཡི་གཏམ་གྱིས་སེམས་ཀྱི་དྲང་བདེན་མཚོན། ། བདག་གི་མཆུ་ཡིས་གང་ཤེས་དྲང་པོར་བརྗོད། ། 4 དཀོན་མཆོག་ཐུགས་ཉིད་ཀྱིས་ནི་བདག་བཀོད་ཅིང་། ། ཀུན་དབང་ཞལ་དབུགས་ཀྱིས་ནི་ཚེ་སྲོག་སྩོལ། ། 5 ཇི་སྟེ་བདག་ལ་ལན་ནི་འདེབས་ནུས་ན། ། ངའི་མདུན་ལངས་ཏེ་གཏམ་རྣམས་གསལ་པོར་ཤོད། ། 6 དཀོན་མཆོག་དྲུང་དུ་བདག་ཀྱང་ཁྱེད་དང་འདྲ། ། བདག་ཀྱང་ས་རྡུལ་གྱིས་ནི་བཀོད་པ་ལགས། ། 7 ལྟོས་དང་རྔམ་བརྗིད་སྒོ་ནས་ཁྱེད་ལ་འཇིགས་མི་སྐུལ། ། སྟོབས་ཤུགས་ཀྱིས་ནི་ཁྱེད་ལ་གནོན་ཤུགས་སྟེར་མི་བྱ། ། 8 འོན་ཀྱང་ཁྱེད་ཀྱི་སྨྲ་བརྗོད་བདག་གིས་ཐོས། ། སྨྲས་པའི་གཏམ་ཡང་བདག་གིས་འདི་སྐད་ཐོས། ། 9 ང་ནི་གཙང་ཞིང་ཉེས་སྐྱོན་གང་ཡང་མེད། ། ང་ནི་ཚུལ་དང་ལྡན་ཞིང་སྡིག་ཉེས་མེད། ། 10 ལྟོས་དང་ཁོང་གིས་རྒོལ་བའི་གླགས་བཙལ་ཞིང་། ། བདག་ནི་ཁོང་གི་དགྲ་རུ་འགྱུར་བར་མཛད། ། 11 ང་ཡི་རྐང་པར་ཁོང་གིས་ཨན་གཏད་བརྒྱབ། ། ང་ཡི་རྒྱུ་ལམ་ཀུན་ལ་གཟིགས་ཞེས་ཟེར། ། 12 ཀྱེ་ཧོ་བདག་གིས་ཁྱེད་ལ་ལན་འདེབས་ཏེ། ། མི་ལས་དཀོན་མཆོག་ཆེན་པོ་ཡིན་པས་ན། ། ཁྱེད་ཀྱི་གཏམ་འདི་ནོར་འཁྲུལ་ཅན་ཡིན་ནོ། ། 13 ཁོང་གིས་དོན་ཀུན་མི་ལ་ལན་ནི་མི་གནང་ཞེས། ། ཅིའི་ཕྱིར་ཁྱེད་ཀྱིས་ཁོང་དང་རྩོད་པར་བྱེད་པ་ཡིན། ། 14 དཀོན་མཆོག་ཉིད་ཀྱིས་ཡང་ཡང་གསུངས་གྱུར་ཡང་*འདིར་ཡང་ཡང་གསུངས་གྱུར་ཡང་ཞེས་པ་ནི་དཀོན་མཆོག་གིས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་གསུང་གནང་བར་གོ་བ་ཡིན།། ། མི་ཡིས་ཁོང་གི་གསུང་ལ་མ་མཉན་ཏེ། ། 15 མི་རྣམས་མལ་ཁྲིར་གཉིད་ནས་བརྒྱལ་བའི་དུས། ། མཚན་མོའི་རྨི་ལམ་དང་ནི་ཞལ་གཟིགས་ནང་། ། 16 ཁོང་གིས་མི་ཡི་རྣ་བ་འབྱེད་མཛད་ཅིང་། ། མི་ཡི་སེམས་སུ་ཞལ་གདམས་ཕྱག་རྒྱས་འདེབས། ། 17 མི་རྣམས་རང་གི་ངན་པའི་ལས་ནས་བཟློག་པ་དང་། ། ཁོ་རྣམས་ང་རྒྱལ་ལས་དང་འབྲལ་དུ་འཇུག་པ་དང་། ། 18 གཤིན་པོའི་ཡུལ་དུ་མི་ལྷུང་ཆེད་དུ་འགོག་པ་དང་། ། རལ་གྲིའི་འོག་ཏུ་ཚེ་སྲོག་མི་འཆོར་ཕྱིར་དུ་ཡིན། ། 19 མི་རྣམས་ན་སྟེ་མལ་ཁྲིར་ཟུག་གཟེར་ཉེས་ཆད་མྱངས། ། ལུས་ཀྱི་རུས་པ་རྣམས་ཀྱིས་དཀའ་སྡུག་ཚད་མེད་མྱངས། ། 20 དེ་ལྟར་ལུས་ཀྱིས་ཁ་ཟས་འདོར་བ་དང་། ། སེམས་ནས་དྲི་ལྡན་ཟས་ལ་ཞེན་ཁ་ལོག ། 21 དེ་ཡི་ཤ་ནི་ཟད་ཅིང་མཐོང་དཀའ་སྟེ། ། སྔོན་ལ་མཐོང་ངོར་མེད་པའི་རུས་པ་ཡང་། ། ད་ལྟ་ཐམས་ཅད་ཕྱི་རུ་མངོན་པ་ཡིན། ། 22 གཤིན་པོའི་ཡུལ་ནི་ཁོ་ཡི་ཚེ་དང་ཉེ། ། སྲོག་ཀྱང་འཇིག་བྱེད་རྣམས་དང་ཉེ་བར་འགྲོ། ། 23 ཇི་སྟེ་ཕོ་ཉ་སྟོང་གི་ནང་ནས་གཅིག ། དཀོན་མཆོག་མཉམ་དུ་གནས་ཤིང་བཀའ་ཁྱེར་ཏེ། ། མི་ལ་བསྒྲུབ་འོས་བྱ་བ་བསྟན་ནས་ནི། ། 24 ཁོ་རང་དྲིན་གྱིས་བསྐྱངས་ནས་དཀོན་མཆོག་ལ། ། ཁོ་ནི་གཤིན་པོའི་ཡུལ་དུ་མི་ལྷུང་ཕྱིར། ། སྐྱོབས་ཤིག་བདག་ལ་བླུ་རིན་ཐོབ་ཞུས་ན། ། 25 དེ་ནས་བུ་ཆུང་ལས་ཀྱང་ཁོའི་ཤ་འཇམ། ། དེ་ནི་བྱིས་པའི་དུས་སུ་ལོག་པར་འགྱུར། ། 26 དེ་ཡིས་དཀོན་མཆོག་ཁོང་ལ་གསོལ་བ་འདེབས། ། དཀོན་མཆོག་ཉིད་ཀྱང་ཁོ་ལ་མཉེས་པ་ཡིན། ། ཁོ་ཡང་དགའ་བཞིན་ཁོང་གི་ཞལ་ངོར་མཇལ། ། དཀོན་མཆོག་ཉིད་ཀྱིས་ཁོ་རང་དྲང་བདེན་བརྩིས། ། 27 དེ་ཡིས་མིའི་མདུན་བསྟོད་གླུ་ལེན་ཞིང་འདི་སྐད་དུ། ། ང་ཡིས་ཉེས་པ་བཟོས་ཏེ་བདེན་རྫུན་གོ་ལྡོག་ཀྱང་། ། འཁུར་བར་འོས་པའི་ཉེས་ཆད་ངའི་སྟེང་མ་བབས་ཏེ། ། 28 དཀོན་མཆོག་ཉིད་ཀྱིས་ངའི་སྲོག་བསྐྱབས་པ་དང་། ། གཤིན་པོའི་ཡུལ་དུ་འགྲོ་རུ་མ་བཅུག་ཅིང་། ། བདག་གི་ཚེ་ཡིས་འོད་མདངས་མཐོང་ཞེས་ཟེར། ། 29 ཀྱེ་ཧོ་བྱ་བ་འདི་ཀུན་དཀོན་མཆོག་གིས། ། མི་ཡི་ཆེད་དུ་ཡང་དང་བསྐྱར་དུ་མཛད། ། 30 མིའི་སྲོག་གཤིན་པོའི་ཡུལ་ནས་སྐྱོབ་པ་དང་། ། སྲོག་གི་འོད་ནི་དེ་ལ་སྣང་ཕྱིར་ཡིན། ། 31 ཀྱེ་ཀྱེ་ཨེས་ཡོབ་མ་གཡེང་བདག་ལ་གསོན། ། སྒྲ་ནི་མ་འདོན་བདག་གིས་གླེང་བར་བྱ། ། 32 ཁྱེད་ཀྱི་དྲང་བདེན་བདག་གིས་སྟོན་འདོད་པས། ། གླེང་རྒྱུ་ཡོད་ན་བཀའ་ལན་གནང་བར་མཛོད། ། 33 དེ་མིན་ང་ལ་གསན་ནས་ཞལ་རོག་བཞུགས། ། ཁྱེད་ལ་བདག་གིས་ཤེས་རབ་སྟོན་པར་བྱ། །
*ལེའུ་སོ་གསུམ་པ།:14 འདིར་ཡང་ཡང་གསུངས་གྱུར་ཡང་ཞེས་པ་ནི་དཀོན་མཆོག་གིས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་གསུང་གནང་བར་གོ་བ་ཡིན།