ལེའུ་ཞེ་གཉིས་པ།
ཨེས་ཡོབ་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་ཞུ་ལན་ཕུལ་བ།
དེ་ནས་ཨེས་ཡོབ་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་ཞུ་ལན་འདི་ལྟར་ཕུལ་བ་སྟེ། ཁྱེད་ཀྱིས་ཐམས་ཅད་མཛད་ནུས་བདག་གིས་ཤེས། ། ཁྱེད་ཀྱི་དགོངས་པ་གང་ཡང་ཟློག་མི་སྲིད། ། སུ་ཡིས་རྨོངས་པའི་ཚིག་གིས་ཁྱེད་ཀྱི་དགོངས་པ་སྦས། ། དེ་བས་བདག་གིས་ཅི་བཤད་རང་གིས་མི་རྟོགས་ཏེ། ། དོན་འདི་ངོ་མཚར་ཆེ་བས་བདག་གིས་རྟོགས་མ་ནུས། ། བདག་གིས་ཞུ་བར་བྱ་སྟེ་ཁྱེད་ཀྱིས་གསན་པར་མཛོད། ། བདག་གིས་ཞུ་དུས་ཁྱེད་ཀྱིས་བཀའ་ལན་གནང་བར་མཛོད། ། སྔོན་ཆད་བདག་གིས་ཁྱེད་ཉིད་བཞུགས་པ་ཐོས། ། ད་ལྟ་མིག་གིས་ཁྱེད་ཉིད་དངོས་སུ་མཇལ། ། དེ་བས་བདག་གིས་རང་ལ་སྨད་ནས་ནི། ། རྡུལ་དང་ཐལ་བའི་ནང་དུ་འགྱོད་བཤགས་བྱེད། །
མཇུག་བསྡུ་བ།
དཀོན་མཆོག་ཡ་ཝཱེས་ཨེས་ཡོབ་ལ་གསུང་གནང་རྗེས་དེ་མན་པ་ཨེ་ལི་ཕཱ་སི་ལ་འདི་སྐད་གསུངས་པ་སྟེ། ཁྱོད་དང་ཁྱོད་ཀྱི་གྲོགས་པོ་གཉིས་ཀྱིས་བདག་གི་སྐོར་གླེང་པ་ནི་ངའི་ཞབས་ཕྱི་ཨེས་ཡོབ་ལྟར་དྲང་བདེན་མ་ཡིན་པས་བདག་ཁྱོད་རྣམས་ལ་ཁྲོས་པ་ཡིན། ད་ལྟ་ཁྱོད་ཚོས་རང་གི་ཕྱིར་དུ་བ་གླང་བདུན་དང་ལུག་ཐུག་བདུན་གྲ་སྒྲིག་བྱས་ཏེ། བདག་གི་ཞབས་ཕྱི་ཨེས་ཡོབ་ཀྱི་དྲུང་དུ་སོང་ནས་རང་ཉིད་ཀྱི་ཆེད་དུ་སྦྱིན་སྲེག་འབུལ་དགོས་ཏེ། དེ་ནས་བདག་གི་ཞབས་ཕྱི་ཨེས་ཡོབ་ཀྱིས་ཁྱོད་ཅག་གི་ཆེད་དུ་སྨོན་ལམ་ཞུ་ངེས་ཤིང་བདག་གིས་སྨོན་ལམ་དེར་མཉན་ནས་ཁྱོད་ཚོའི་རྨོངས་སྤྱོད་བཞིན་དུ་ཁྱོད་ཚོར་ཉེས་ཆད་མི་གཅོད་དེ། ཁྱོད་ཚོས་བདག་གི་སྐོར་གླེང་པ་ནི་བདག་གི་ཞབས་ཕྱི་ཨེས་ཡོབ་ལྟར་དྲང་བདེན་མ་ཡིན་ཞེས་པའོ། ། དེ་ནས་དེ་མན་པ་ཨེ་ལི་ཕཱ་སི་དང་། ཤུ་ཧེ་པ་པེལ་དེལ། ན་ཨ་མད་པ་ཚའོ་ཕར་བཅས་གསུམ་པོ་སོང་ནས་དཀོན་མཆོག་ཡ་ཝཱེས་བཀའ་གནང་བ་བཞིན་དུ་བྱས་པས། དཀོན་མཆོག་ཡ་ཝཱེས་ཀྱང་ཨེས་ཡོབ་ལ་གཟིགས་སྐྱོང་གནང་བའོ། ། 10 ཨེས་ཡོབ་ཀྱིས་རང་གི་མཆེད་གྲོགས་རྣམས་ཀྱི་དོན་དུ་གསོལ་བ་བཏབ་པ་ལ། དཀོན་མཆོག་ཡ་ཝཱེས་ཨེས་ཡོབ་སྡུག་བསྔལ་ཀུན་ལས་བསྐྱབས་ *འདིར་སྡུག་བསྔལ་ཀུན་ལས་བསྐྱབས་ཞེས་པར་མ་ཕྱི་ནས་བཙོན་ལས་བསྒྲལ་ཞེས་མཐོང་ལ་དོན་བསྒྱུར་བྱས་པ་ཡིན།ཤིང་ཁོང་ལ་སྔར་བདོག་པ་ལས་ཀྱང་ལྡབ་འགྱུར་གྱིས་གནང་བ་དང་། 11 ཨེས་ཡོབ་ཀྱི་མིང་སྲིང་དང་སྔར་ངོ་ཤེས་པའི་མི་ཐམས་ཅད་ཁོང་ཡོད་སར་འོངས་ནས་དེའི་ཁྱིམ་དུ་དེ་དང་ལྷན་ཅིག་ཁ་ཟས་སྤྱད། ཡང་དཀོན་མཆོག་ཡ་ཝཱེས་ཁོང་གི་སྟེང་དུ་དྲངས་པའི་རྐྱེན་ངན་ཐམས་ཅད་གླེང་ནས། ཀུན་པོ་སེམས་སྡུག་སྟེ་ཁོང་ལ་སེམས་གསོ་གནང་བ་དང་། མི་རེ་རེས་ཁོང་ལ་དངུལ་དུམ་བུ་ཞིག་དང་གསེར་གྱི་ཨ་ལུང་རེ་སྤྲད། 12 དེ་ལྟར་དཀོན་མཆོག་ཡ་ཝཱེས་ཨེས་ཡོབ་ལ་སྔར་ལས་ལྷག་པར་བྱིན་གྱིས་བརླབས་པས། ཁོང་ལ་ར་ལུག་ཆིག་ཁྲི་བཞི་སྟོང་དང་། རྔ་མོང་དྲུག་སྟོང་དང་། བ་གླང་དོར་ཆིག་སྟོང་དང་། བོང་མོ་ཆིག་སྟོང་བཅས་ཡོད་པར་གྱུར། 13 ཡང་ཁོང་ལ་བུ་བདུན་དང་བུ་མོ་གསུམ་སྐྱེས་ཏེ། 14 ཁོང་གིས་བུ་མོ་སྐྱེས་འགོ་ཡི་མིང་ལ་ཡེ་མི་མཱ་ཞེས་དང་། བུ་མོ་འབྲིང་བའི་མིང་ལ་ཀི་ཟི་ཨ་ཞེས་དང་། བུ་མོ་ཆུང་བའི་མིང་ལ་ཀེ་རེན་ཧ་ཕུད་ཅེས་བཏགས་སོ། ། 15 ཡུལ་དེའི་གནས་ཀུན་ཏུ་ཨེས་ཡོབ་ཀྱི་སྲས་མོ་གསུམ་པོ་དང་འདྲ་བའི་བྱད་གཟུགས་མཛེས་པའི་བུད་མེད་གང་ཡང་མེད་ལ། དེ་རྣམས་ཀྱི་ཕ་ཡིས་དེ་དག་གི་མིང་པོ་རྣམས་ཀྱི་ཁྲོད་དུ་དེ་ཚོར་ནོར་སྐལ་གནང་། 16 དེའི་རྗེས་སུ་ཨེས་ཡོབ་ཡང་ལོ་བརྒྱ་དང་བཞི་བཅུར་བསྡད་དེ། རང་གི་བུ་རབས་བཞི་ཡི་བུ་རབས་ཚ་རྒྱུད་རྣམས་མཐོང་བར་གྱུར། 17 དེ་བཞིན་ཨེས་ཡོབ་རྒས་ནས་ཚེ་ལོ་མཐར་ཕྱིན་ཏེ་ཚེ་ལས་འདས་སོ།། །།

*ལེའུ་ཞེ་གཉིས་པ།:10 འདིར་སྡུག་བསྔལ་ཀུན་ལས་བསྐྱབས་ཞེས་པར་མ་ཕྱི་ནས་བཙོན་ལས་བསྒྲལ་ཞེས་མཐོང་ལ་དོན་བསྒྱུར་བྱས་པ་ཡིན།