༄༅། །ལུང་སྟོན་པ་ཡོ་ནཱའི་མདོ།
ལུང་སྟོན་པ་ཡོ་ནཱའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
གཞུང་འདིའི་ཁ་བྱང་ནི་མི་སྣ་གཙོ་བོ་ཡོ་ནཱ་ཞེས་བྱ་བའི་མིང་ནས་ཐོགས་པ་ཡིན། མིང་དེ་ཕུག་རོན་ཞེས་པའི་དོན་ལ་འཇུག གཞུང་གི་ནང་དུ་བརྗོད་པའི་དོན་དག་རྣམས་ཧ་ལམ་སྤྱི་ལོ་སྔོན་གྱི་དུས་རབས་བརྒྱད་པའི་སྐབས་སུ་བྱུང་བ་ཡིན། སྐབས་དེར་ཡ་ཧུ་དཱ་མི་རིགས་ནི་ཨ་སུར་པ་རྣམས་ལ་ཞེད་ཅིང་འཇིགས་པ་དང་། ཨ་སུར་པ་རྣམས་ཡ་ཧུ་དཱ་མི་རིགས་ཀྱི་དགྲ་ངན་ཡིན།
ཡི་གེར་འགོད་མཁན་དང་འགོད་དུས།
སྲོལ་རྒྱུན་ལྟར་ན་གཞུང་འདི་ཉིད་ཡི་གེར་འགོད་མཁན་ནི་ཨ་མི་ཐཱ་ཨིའི་བུ་ཡོ་ནཱ་ཡིན་པར་བརྗོད། འོན་ཀྱང་གཞུང་འདིའི་ནང་དུ་དོན་དེ་གསལ་པོར་བཀོད་མེད། གཞུང་འདི་ཉིད་ཡི་གེར་འགོད་མཁན་ཡོ་ནཱ་ཡིན་པའི་དབང་དུ་བཏང་ན། དེའི་ལོ་ཚིགས་སྤྱི་ལོ་སྔོན་གྱི་དུས་རབས་བརྒྱད་པའི་སྟོད་ཙམ་ལ་ངོས་འཛིན་བྱས་ཡོད།
བརྗོད་སྙིང་དང་གསུང་འཕྲིན།
གཞུང་འདི་ཉིད་ཀྱི་ལེའུ་བཞི་པོ་སྤྱིའི་བརྗོད་བྱ་ནི་འགྱོད་བཤགས་བྱས་པ་བརྒྱུད་ནས་ཕྱི་ཕྱོགས་པ་རྣམས་ལ་དཀོན་མཆོག་གིས་ཐུགས་རྗེ་གནང་བར་མ་ཟད། གཞུང་འདིའི་ནང་དུ་དཀོན་མཆོག་གིས་ཡེས་ར་ཨེལ་ལ་བཅངས་པའི་ཁོང་གི་དགོངས་གཞི་རྒྱ་ཆེན་པོ་ཡང་བསྟན་ཡོད་དེ། ཡེས་རཱ་ཨེལ་པ་རྣམས་ཀྱིས་དཀོན་མཆོག་གིས་འཇིག་རྟེན་ཀུན་ལ་བཅངས་པའི་ཐུགས་ཁུར་དངོས་སླར་ཡང་རྟོགས་པ་དང་། ཁོ་རྣམས་ཀྱིས་དཀོན་མཆོག་གིས་བཅངས་པའི་ཐུགས་ཁུར་དེ་ནི་རང་གིས་བསྒྲུབ་དགོས་པའི་འགན་འཁུར་ཡིན་པ་ཡང་ལེགས་པར་རྟོགས་པ་དེའོ། །
འཆར་ཟིན།
1. ཡོ་ནཱ་རང་གི་ལས་དོན་ལ་བྱོལ་བའི་སྐོར། ༼1:1-2:10༽
ཀ ཡོ་ནཱ་ལ་སྤྲད་པའི་འགན་ཁུར་དང་ཁོ་དེ་ལ་གཡོལ་ནས་བྲོས་པའི་སྐོར། ༼1:1-3༽
ཁ། ཉེན་ཁར་ཕྲད་པའི་གྲུ་པ་རྣམས་ཀྱིས་རང་རང་གི་ལྷ་ལ་ཞུ་བ་བྱས་པ། ༼1:4-6༽
ག ཡོ་ནཱས་བཀའ་མ་བརྩིས་པ་དེ་དཀོན་མཆོག་གིས་གསལ་པོར་བསྟན་པ། ༼1:7-10༽
ང་། དཀོན་མཆོག་གིས་ཡོ་ནཱ་ལ་ཉེས་ཆད་བཅད་པར་མ་ཟད། ཁོ་ལ་ཐར་པ་ཡང་གནང་བ་དང་། ཡོ་ནཱས་གསོལ་བ་བཏབ་ནས་དགོངས་དག་ཞུས་པ། ༼1:11-2:10༽
2. ཡོ་ནཱས་འདོད་བློ་མེད་བཞིན་དུ་རང་གི་ལས་དོན་བསྒྲུབས་པ། ༼3:1-4:11༽
ཀ ཡོ་ནཱ་ལ་སླར་ཡང་འགན་ཁུར་སྤྲད་པ་དང་ཁོས་བཀའ་བརྩིས་པའི་སྐོར། ༼3:1-4༽
ཁ། ཉེན་ཁར་ཕྲད་པའི་ནིན་ཝེ་པ་རྣམས་འགྱོད་པ་སྐྱེས་ནས་དཀོན་མཆོག་ལ་ཞུ་བ་བྱས་པ། ༼3:5-9༽
ག དཀོན་མཆོག་གིས་ནིན་ཝེ་པ་རྣམས་ཀྱི་འགྱོད་བཤགས་ཞལ་བཞེས་གནང་བ། ༼3:10-4:4༽
ང་། དཀོན་མཆོག་གིས་ཡོ་ནཱར་སྲུང་སྐྱོབ་གནང་བ་དང་། ཁོ་ལ་བཀའ་བཀྱོན་མཛད་པ། ༼4:5-11༽
ལེའུ་དང་པོ།
ཡོ་ནཱ་ཞེས་བྱ་བ་དཀོན་མཆོག་ཡ་ཝཱེ་ལ་གཡོལ་བ།
དེ་ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཨ་མི་ཐཱ་ཨི་བྱ་བའི་བུ་ཡོ་ནཱ་ལ་བྱུང་སྟེ་འདི་སྐད་དུ། ཁྱོད་རང་ཡར་ལངས་ནས་གྲོང་ཁྱེར་ཆེན་པོ་ནིན་ཝེ་ལ་ཐ་ཚིག་བསྒྲག་པར་སོང་ཞིག ཅིའི་ཕྱིར་ཞེ་ན། ཁོ་ཚོའི་བྱ་བ་ངན་པ་ནི་ཡར་བདག་གི་མདུན་དུ་སླེབས་པས་སོ་ཞེས་གསུངས་སོ༎ འོན་ཀྱང་ཡོ་ནཱ་ནི་དཀོན་མཆོག་ཡ་ཝཱེའི་དྲུང་ནས་ཐཱར་ཞིས་*ཐཱར་ཞིས་ཞེས་པའི་གྲོང་ཁྱེར་ནི་ནིན་ཝེ་གྲོང་ཁྱེར་གྱི་ལྡོག་ཕྱོགས་སུ་ཡོད་ཅིང་། ཡོ་ནཱའི་སེམས་སུ་དེ་ནི་ཁོ་རང་འབྲོ་སའི་ཆེས་རྒྱང་ཐག་རིང་བའི་ཡུལ་ཡིན་པར་སྙམ་པ་རེད། གྲོང་ཁྱེར་ལ་འབྲོ་བའི་ཆེད་དུ། མར་ཡོ་ཕཱ་གྲོང་ཁྱེར་དུ་ཕྱིན་པ་དང་། ཐཱར་ཞིས་སུ་འགྲོ་བའི་གྲུ་གཟིངས་ཤིག་རྙེད་ནས་གླ་སྤྲད་ཅིང་། དེའི་ནང་མར་བསྡད་པ་དང་གྲུར་ཞུགས་པ་རྣམས་དང་ལྷན་དུ་དཀོན་མཆོག་ཡ་ཝཱེའི་དྲུང་ནས་ཐཱར་ཞིས་ལ་སོང་ངོ་།།
ཡིན་ནའང་། དཀོན་མཆོག་ཡ་ཝཱེས་རྒྱ་མཚོ་ལ་དྲག་རླུང་ཆེན་པོ་ཞིག་གཡུགས་སུ་བཅུག་པ་དང་། མཚོ་སྟེང་དུ་ཆར་རླུང་དྲག་པོ་བྱུང་ཞིང་མཚོ་གྲུ་འཐོར་ལ་ཁད་བྱས། གྲུ་པ་རྣམས་ཤིན་ཏུ་འཇིགས་ཏེ་སྐད་ཆེན་པོ་བརྒྱབ་ནས་རང་རང་གི་ལྷ་ལ་འོ་དོད་བོས། ཁོ་ཚོས་གྲུ་ཇེ་ཡང་དུ་གཏོང་ཆེད་གྲུ་ནང་གི་ཚོང་རྫས་ཡོད་ཚད་མཚོའི་ནང་དུ་གཡུགས། འོན་ཀྱང་། དེ་སྔར་ཡོ་ནཱ་མར་གྲུའི་ཕུག་ཏུ་སོང་སྟེ་ཉལ་ནས་གཉིད་སྟུག་པོ་ཁུགས་པས། གྲུ་དཔོན་ཁོའི་གམ་དུ་སླེབས་ནས། ཁྱོད་རང་གཉིད་ནས་སྡོད་པ་ཅི་ཡིན་ནམ། ཡར་ལོངས་ལ་རང་གི་ལྷ་ལ་ཞུ་བ་ཕུལ་ཅིག ལྷ་དེས་འུ་ཅག་ཐུགས་སུ་དྲན་ན། རང་ཅག་འཆི་བར་མི་འགྱུར་རོ་ཞེས་སྨྲས་པ་དང་། གྲུ་པ་རེ་རེ་བཞིན་གཅིག་གིས་གཅིག་ལ་ཤོག་དང་། དོན་ངན་འདི་སུའི་རྐྱེན་གྱིས་བྱུང་བར་རྒྱན་འཕངས་ཏེ་བརྟག་པར་བྱ་ཟེར་ནས། དེ་ལྟར་བསྒྲུབས་པ་ན་ཡོ་ནཱ་ལ་བབས་པ་རེད། དེ་ནས་དེ་དག་གིས་ཡོ་ནཱ་ལ། དོན་ངན་འདི་རང་ཅག་ལ་བྱུང་བ་ནི་སུའི་རྐྱེན་ཡིན་པ་སྨྲ་བར་མཛོད། ཁྱོད་ཀྱི་བྱ་བ་ཅི་ཡིན། ས་ཆ་གང་ནས་ཡོང་། ཕ་ཡུལ་གང་གི་ཡིན། མི་རིགས་གང་ཡིན་ཞེས་དྲིས་པ་ན། ཁོས་དེ་དག་ལ། ང་རང་ཨིབ་རི་པ་ཡིན་ཏེ། རྒྱ་མཚོ་དང་སྐམ་ས་མཛད་མཁན་གྱི་ནམ་མཁའི་དཀོན་མཆོག་ཡ་ཝཱེ་ལ་ང་རང་གུས་ཤིང་འཇིགས་པ་ཡིན་ཞེས་སྨྲས་སོ།།
10 དེ་ནས་གྲུ་པ་རྣམས་རབ་ཏུ་འཇིགས་ནས་ཡོ་ནཱ་ལ། ཁྱོད་ཀྱིས་བྱས་པའི་དོན་འདི་ཅི་ཞིག་ཡིན་ནམ་ཞེས་སྨྲས་སོ།། ཅིའི་ཕྱིར་ཞེ་ན། ཁོས་དེ་རྣམས་ལ་སྨྲས་པའི་རྐྱེན་གྱིས་དེ་དག་གིས་ཁོ་རང་དཀོན་མཆོག་ཡ་ཝཱེའི་དྲུང་ནས་བྲོས་ཡོང་བ་ཤེས་པས་སོ།། 11 སྐབས་དེར་མཚོ་རླབས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དེ་རྣམས་ན་རེ། མཚོ་རླབས་ཞི་བའི་ཕྱིར་ཁྱོད་ལ་ཅི་ཞིག་བྱེད་དགོས་སམ་ཞེས་དྲིས་པ་ན། 12 ཁོས་དེ་རྣམས་ལ། ཁྱོད་རྣམས་ཀྱིས་ང་རང་ཁྱེར་ནས་མཚོའི་ནང་དུ་གཡུགས་ཤིག་དང་། མཚོ་ཞི་བར་འགྱུར་ལ་བདག་གི་རྐྱེན་གྱིས་དྲག་རླུང་འདི་ཁྱོད་ཅག་ལ་བབས་པའང་ངས་ཤེས་སོ་ཞེས་སྨྲས་ནའང་། 13 མདུན་ཕྱོགས་སུ་མཚོ་རླབས་ཤིན་ཏུ་དྲག་པོ་འཕྱུར་བཞིན་ཡོད་པས། ཁོ་རྣམས་ཀྱིས་གྲུ་སྐྱ་ཇི་ལྟར་དཀྲུགས་ཀྱང་སྐམ་སར་སླེབས་མ་ནུས། 14 དེ་དག་གིས་དཀོན་མཆོག་ཡ་ཝཱེ་ལ་འདི་ལྟར་ཞུས་ཏེ། ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ངེད་ཅག་ནི་མི་འདིའི་སྲོག་གི་རྐྱེན་གྱིས་སྲོག་དང་འབྲལ་བར་མ་གྱུར་ཅིག ཉེས་མེད་ཀྱི་ཁྲག་བཞུར་བའི་སྡིག་པ་ངེད་ཅག་གི་མགོ་ལ་དབབ་ཏུ་མི་འཇུག་རོགས། དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཉིད་ཇི་ལྟར་མཉེས་ན་དེ་ལྟར་མཛད་པ་ལགས་སོ་ཞེས་པའོ།། 15 དེ་ནས་ཁོ་རྣམས་ཀྱིས་ཡོ་ནཱ་བཟུང་ནས་མཚོའི་ནང་དུ་འཕངས་པ་དང་། རྒྱ་མཚོའི་རྦ་རླབས་ཀྱང་འཕྱུར་མཚམས་བཞག་གོ། 16 ཁོ་རྣམས་དཀོན་མཆོག་ཡ་ཝཱེ་ལ་ཤིན་ཏུ་འཇིགས་ནས། ཁོང་ལ་མཆོད་པ་ཕུལ་ཞིང་དམ་བཅས་སོ།། 17 དེ་ནས་དཀོན་མཆོག་ཡ་ཝཱེས་ཉ་ཆེན་ཞིག་ལ་ཡོ་ནཱ་མིད་དུ་བཅུག་ཅིང་། ཡོ་ནཱ་ཉིན་ཞག་གསུམ་ལ་ཉ་ཆེན་གྱི་གྲོད་ཁོག་ནང་དུ་ལུས་སོ།།

*ལེའུ་དང་པོ།:3 ཐཱར་ཞིས་ཞེས་པའི་གྲོང་ཁྱེར་ནི་ནིན་ཝེ་གྲོང་ཁྱེར་གྱི་ལྡོག་ཕྱོགས་སུ་ཡོད་ཅིང་། ཡོ་ནཱའི་སེམས་སུ་དེ་ནི་ཁོ་རང་འབྲོ་སའི་ཆེས་རྒྱང་ཐག་རིང་བའི་ཡུལ་ཡིན་པར་སྙམ་པ་རེད།