ལེའུ་བཞི་པ།
དཀོན་མཆོག་གི་རི་བོ།
1 མཐའ་མའི་ཉིན་མོ་དག་ལ་དཀོན་མཆོག་ཡ་ཝཱེའི་བཞུགས་གནས་ཀྱི་རི་བོ་དེ་རི་བོ་གཞན་དག་གི་རྩེ་མོར་བཞེང་ཞིང་། རི་སྒང་རྣམས་ཀྱི་ཡང་སྟེང་དུ་འགྱིང་བ་དང་། མི་རིགས་ཐམས་ཅད་དེའི་ཕྱོགས་སུ་བཞུར་ངེས་ཡིན། 2 མི་རིགས་མང་པོ་འོངས་ནས་ན་རེ། ཤོག་དང་། རང་ཅག་ཡར་དཀོན་མཆོག་ཡ་ཝཱེའི་རི་བོ་སྟེ། ཡ་ཀོབ་ཀྱི་དཀོན་མཆོག་གི་མཆོད་ཁང་ལ་འགྲོ་བར་བྱའོ། །ཁོང་གིས་ང་ཚོ་ལ་ཁོང་གི་ཕེབས་ལམ་སྟོན་ཞིང་ང་ཚོ་ཁོང་གི་ཕེབས་ལམ་དུ་འགྲུལ་བར་བྱ་ཞེས་སྨྲ་བར་འགྱུར། ཅི་ལ་ཞེ་ན། ཛ་ཡན་ནས་ཁོང་གི་བཀའ་ཁྲིམས་འབྱུང་ཞིང་། ཡེ་རུ་སཱ་ལེམ་ནས་དཀོན་མཆོག་ཡ་ཝཱེའི་བཀའ་འབྱུང་ངེས་ཡིན། 3 ཁོང་གིས་མི་རིགས་རྣམས་ཀྱི་བར་ལ་ཁྲིམས་གཅོད་ཅིང་། རྒྱང་ཐག་རིང་པོའི་རྒྱལ་ཁབ་སྟོབས་ལྡན་རྣམས་ལ་ལེགས་ཉེས་འབྱེད་པར་འགྱུར། ཁོ་ཚོས་རང་གི་རལ་གྲི་རྣམས་ཀྱིས་ཐོང་གཤོལ་བརྡུང་ཞིང་། མདུང་རྣམས་ཀྱིས་ཟོར་བ་བརྡུངས་ཏེ། མི་རིགས་དང་མི་རིགས་བར་ལ་རལ་གྲི་མི་འཕྱར་ཞིང་། འཐབ་འཁྲུག་ཀྱང་སློབ་པར་མི་བྱ། 4 མི་རེ་རེ་རང་རང་གི་རྒུན་ཤིང་དང་སེ་ཡབ་ཤིང་གི་འོག་ཏུ་བསྡད་ནས་སུས་ཀྱང་དེ་རྣམས་འཇིགས་པར་མི་བྱ། ཅི་ལ་ཞེ་ན། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་པས་སོ། ། 5 མི་རིགས་ཀུན་གྱིས་རང་གི་ལྷ་ཡི་མིང་ལ་བརྟེན་ནས་སྤྱོད་ནའང་། ངེད་རྣམས་ཀྱིས་རྒྱུན་ནས་རྒྱུན་དུ་རང་གི་དཀོན་མཆོག་ཡ་ཝཱེའི་མཚན་ལ་བརྟེན་ནས་སྤྱོད་པར་བྱའོ། །
ཡེས་ར་ཨེལ་པ་རང་རྒྱལ་དུ་ལོག་པ།
6 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཉིན་མོ་དེར་བདག་གིས་ཞ་བོ་རྣམས་འགུག་ཅིང་། མཐར་བསྐྲད་པ་དང་ངས་སྡུག་ལ་སྦྱར་བ་རྣམས་ཚུར་བསྡུ་བར་བྱའོ། ། 7 བདག་གིས་ཞ་བོ་རྣམས་ལུས་སུ་བཅུག་སྟེ། རྒྱང་རིང་ཡུལ་དུ་བསྐྲད་པ་རྣམས་ཀྱི་རྒྱལ་ཁབ་དར་དུ་འཇུག་ཅིང་། དུས་ད་ནས་བཟུང་ཇི་སྲིད་བར་དུ་དཀོན་མཆོག་ཡ་ཝཱེས་རི་བོ་ཛ་ཡན་དུ་དེ་དག་ལ་དབང་མཛད་པར་འགྱུར། 8 ཀྱེ་ཀྱེ་ལུག་ཁྱུའི་རྫི་བོ་ཡི་སོ་ལྟ་ཁང་དང་ཛ་ཡན་བུ་མོའི་རི་བོ་ལགས། སྔོན་ཆད་ཀྱི་དབང་ནི་ཁྱོད་ལ་སྤྲོད་པར་བྱ་ཞིང་། ཡེ་རུ་སཱ་ལེམ་གྱི་རྒྱལ་སྲིད་ཁྱོད་ལ་དབང་བར་འགྱུར། 9 ད་ལྟ་ཁྱོད་ཀྱིས་ངུ་སྐད་ཆེན་པོ་འདོན་པ་ཅི་ཡིན་ནམ། ཁྱོད་ཚོའི་ཁྲོད་དུ་རྒྱལ་པོ་མེད་པའམ་ཡང་ན་ཁྱོད་ཀྱི་གྲོས་དཔོན་མེད་པར་གྱུར་ནས། ཁྱོད་ན་ཟུག་གིས་མནར་ཏེ་ཕྲུ་གུ་བཙའ་བའི་བུད་མེད་བཞིན་ཡིན་ནམ། 10 ཀྱེ་ཀྱེ་ཛ་ཡན་གྱི་བུ་མོ་ལགས། ཁྱོད་ཀྱིས་བཙའ་རན་པའི་བུད་མེད་བཞིན་ཟུག་གཟེར་ལངས་ནས་ཕྲུ་གུ་བཙའ་བར་འགྱུར། ཅི་ལ་ཞེ་ན། ཁྱོད་ནི་གྲོང་ཁྱེར་ལས་ཐོན་ཏེ་རི་ཐང་ལ་གནས་ཤིང་། པཱ་པེལ་ལོན་དུ་འགྲོ་དགོས་ལ། གནས་དེ་ལས་ཁྱོད་ནི་ཐར་བར་འགྱུར། གནས་དེར་དཀོན་མཆོག་ཡ་ཝཱེས་ཁྱོད་རང་བསྐྱབས་ཏེ་དགྲ་བོའི་ལག་ནས་ཐར་བར་བྱེད་དོ། ། 11 ད་ལྟ་རྒྱལ་ཁབ་མང་པོ་འདུས་ནས་ཁྱོད་ལ་རྒོལ་ཏེ་ན་རེ། ཛ་ཡན་ནི་བཙོག་པར་བཟོས་ནས། ངེད་རྣམས་ལ་དངོས་སུ་མཐོང་བར་བཅུག་ཅེས་སྨྲའོ། ། 12 ཡིན་ནའང་དེ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་ཐུགས་དགོངས་མ་རྟོགས་ལ་ཁོང་གི་བཀོད་པ་ཡང་མི་ཤེས་སོ། །ཁོང་གིས་གྲོ་ཡི་ཚར་ཕོན་གཡུལ་ཁར་བསྡུ་བ་བཞིན་དེ་རྣམས་བསྡུ་བར་འགྱུར་རོ། ། 13 ཀྱེ་ཀྱེ་ཛ་ཡན་གྱི་བུ་མོ་ལགས། ཡར་ལོངས་ལ་གཡུལ་ཆོགས་ཤིག བདག་གིས་ཁྱོད་ཀྱི་རྭ་ནི་ལྕགས་དང་རྨིག་པ་ནི་ལི་རུ་འགྱུར་བར་བྱ་ཞིང་། ཁྱོད་ཀྱིས་མི་རིགས་མང་པོ་རྡུལ་དུ་བརླག་པ་དང་། དེ་དག་གི་རྒྱུ་ནོར་རྣམས་དཀོན་མཆོག་ཡ་ཝཱེ་ལ་འབུལ་ཞིང་། དེ་དག་གི་རིན་པོ་ཆེ་ནི་ས་གཞི་ཡོངས་ཀྱི་བདག་པོར་འབུལ་བར་འགྱུར།