༄༅། །མཱར་ཀུའི་འཕྲིན་བཟང་།
མཱར་ཀུའི་འཕྲིན་བཟང་གི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
སྔ་རབས་ཆོས་ཚོགས་ཀྱི་ཕ་ཡབ་རྣམས་ཀྱིས་པེ་ཏྲོས་ཆོས་འཆད་པ་དེ་མཱར་ཀུའི་འཕྲིན་བཟང་ལས་བྱུང་བ་ཡིན་པར་བཞེད། འཕྲིན་བཟང་འདིའི་དོན་མང་ཤོས་ནང་དུ་པེ་ཏྲོའི་ཁྱད་ཆོས་མངོན་ཡོད་ལ། འཕྲིན་བཟང་འདིའི་སྤྱིའི་ཁྱད་ཆོས་ནི་དོན་མང་པོ་བསྟུད་མར་བྱུང་ཡོད་པ་དེ་ཡིན།
ཡི་གེར་འགོད་མཁན་དང་འགོད་དུས།
མཱར་ཀུ་ནི་མིར་ཡམ་གྱི་བུ་ཡིན་པ་དང་། ༼མཛད་འཕྲིན་གྱི་ལེའུ་བཅུ་གཉིས་པའི་ཚིག་རྐང་བཅུ་གཉིས་པར་གཟིགས་རོགས།༽ པཱར་ན་པཱའི་གཉེན་ཉེ་ཡང་ཡིན། ༼ཀོ་ལོ་སཱ་པའི་ལེའུ་བཞི་པའི་ཚིག་རྐང་བཅུ་པར་གཟིགས་རོགས།༽ མཱར་ཀུ་ནི་ཕོལ་ལོལ་དང་པཱར་ན་པཱ་གཉིས་ཐེངས་དང་པོར་ཆོས་སྤེལ་བར་བསྐྱོད་དུས་མཉམ་དུ་སོང་བ་དང་། ཕོལ་ལོལ་རོ་མཱ་གྲོང་ཁྱེར་གྱི་ཁང་པ་ཞིག་ཏུ་ལྕགས་སྒྲོག་གིས་བཀྱིགས་ནས་བཟུང་ཡོད་པའི་དུས་སུ། ཁོང་གིས་མཱར་ཀུ་ཚུར་བོས་པ་དང་ང་ལ་ཕན་ཐོགས་པ་ཡིན་ཞེས་གསུངས། མཱར་ཀུའི་འཕྲིན་བཟང་ནི་འཕྲིན་བཟང་གི་ཐོག་མ་ཡིན་པར་མཁས་པ་རྣམས་ཀྱི་བཞེད་ཚུལ་མཐུན་པས་དེ་ནི་སྤྱི་ལོ་55ལོའི་ཡས་མས་སུ་བྲིས་པ་ཡིན་པར་དགོངས།
བརྗོད་སྙིང་དང་གསུང་འཕྲིན།
མཱར་ཀུའི་འཕྲིན་བཟང་གི་ནང་དུ་དོན་དངོས་མང་པོ་བསྟུད་མར་བྱུང་ཡོད་པ་ནན་གྱིས་སྨྲས་པ་ལས་བརྗོད་སྙིང་དང་གླེང་གཞི་གཙོ་བོར་བཟུང་མེད། གཞུང་འདི་ནི་འཕྲིན་བཟང་བཞི་པོ་ལས་ཆེས་ཐུང་ཤོས་ཡིན་ནའང་། ཧ་ཅང་ཞིབ་ཆ་ཆེ་བའི་འཕྲིན་བཟང་ཞིག་ཡིན། མཱར་ཀུའི་འཕྲིན་བཟང་གི་ནང་དུ་རོ་མཱ་པའི་ཀློག་པ་པོ་རྣམས་ལ་ཡ་ཧུ་དཱའི་ལུགས་སྲོལ་གཟབ་ནན་གྱིས་འགྲེལ་བཤད་བྱས་ཡོད་ཅིང་། མཱར་ཀུའི་དམིགས་ཡུལ་ནི་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་དཀོན་མཆོག་ཡིན་པ་གསལ་པོར་སྟོན་པ་དེ་ཡིན་ལ། ཁོང་གིས་སྐྱབས་མགོན་ཡེ་ཤུའི་མཛད་རྣམ་དང་ཆོས་ཀྱི་ཞབས་ཏོག་བསྒྲུབས་པའི་ཕྱག་ལས། ཁྱད་པར་ཁོང་གི་ངོ་མཚར་བའི་མཛད་པ་རྣམས་བརྗོད་ཡོད་པར་མ་ཟད། མཇུག་མཐའི་སུམ་ཆ་གཅིག་གི་ནང་དོན་ལ་མཱར་ཀུས་སྐྱབས་མགོན་ཡེ་ཤུའི་ས་སྟེང་དུ་བཞུགས་སྐབས་ཀྱི་ཆེས་མཇུག་མཐའི་གཟའ་འཁོར་གཅིག་གི་མཛད་པ་དང་། ཁོང་སྐུ་གཤེགས་པ་དང་སླར་གསོན་པའི་དོན་ཆེན་དེ་གཉིས་བརྗོད་ཡོད།
འཆར་ཟིན།
1. སྐྱབས་མགོན་ཡེ་ཤུས་ཆོས་སྒྲོག་འགོ་བརྩམས་པ། ༼1:1-13༽
2. སྐྱབས་མགོན་ཡེ་ཤུས་ག་ལིལ་ཡུལ་ནས་ཆོས་བསྒྲགས་པའི་སྐོར། ༼1:14-6:29༽
3. སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ག་ལིལ་ཡུལ་དང་ཁ་བྲལ་བའི་དུས། ༼6:30-9:32༽
4. སྐྱབས་མགོན་ཡེ་ཤུས་ག་ལིལ་ཡུལ་ནས་མཐའ་མཇུག་གི་ཆོས་བསྒྲགས་པ། ༼9:33-50 ༽
5. སྐྱབས་མགོན་ཡེ་ཤུས་ཡ་ཧུ་དཱ་ཡུལ་དང་ཡོར་དན་གཙང་པོའི་ཕར་ཕྱོགས་སུ་ཆོས་བསྒྲགས་པ། ༼10:1-52༽
6. སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་ཆོས་བསྒྲག་པར་ཕེབས་པ་དང་། མཐར་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པ། ༼11:1-15:47༽
7. སྐྱབས་མགོན་ཡེ་ཤུ་སླར་གསོན་པ། ༼16:1-20༽
ལེའུ་དང༌པོ།
སྐྱབས་མགོན་ཡེ་ཤུའི་ཕེབས་ལམ་སྟ་གོན་མཛད༌པ།
དེ་ཡང་དཀོན་མཆོག་གི་སྲས་ཡེ་ཤུ་མཱ་ཤི་ཀའི་འཕྲིན་བཟང་གི་ཐོག་མ་ནི་འདི་ལྟར་ཡིན༌ཏེ། ལུང་སྟོན་པ་ཡེ་ཤ་ཡཱ་ཡི་མདོ་ལས་ཇི་སྐད༌དུ།
བདག་གི་ཕོ་ཉ་ཁྱོད་ཀྱི་མདུན་དུ༌མངགས།།
ཁྱོད་ཀྱི་ལམ་ནི་གྲ་སྒྲིག་བྱེད་ལ༌ལྟོས།།*ཚིག་རྐང་འདི་ལས་བདག་ཅེས་པ་ནི་ཡབ་དཀོན་མཆོག༌དང༌། ཕོ་ཉ་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན༌དང༌། ཁྱོད་ཅེས་པ་ནི་སྲས་དཀོན་མཆོག་སྟེ་སྐྱབས་མགོན་ཡེ་ཤུ་བཅས་ལ་གོ༌ཞིང༌། དོན་དེའི་སྒོ་ནས་བགྲོད་ལམ་སྟ་གོན་བྱེད་པར་གོ་དགོས།
དབེན་སྟོང་ཡུལ་ནས་གྲགས་པའི་འབོད་སྒྲ༌ཡིས།།
གཙོ་བོའི་ཕེབས་ལམ་སྟ་གོན༌བྱེད་པ་དང་།།
ཁོང་གི་གཤེགས་ལམ་དྲང་པོར་བཟོ་བར༌གྱིས།།
ཞེས་བཀོད་པ༌བཞིན། ཁྲུས་གསོལ་མཁན་ཡོ་ཧ་ནན་དབེན་སྟོང་ཞིག་ཏུ་ཕེབས་ཏེ། སྡིག་པ་བསལ་བའི༌ཕྱིར་འགྱོད་བཤགས་ཀྱི་རྟགས་སུ་ཁྲུས་གསོལ་ལ་ཞུགས་པའི་ཆོས་བསྒྲགས། ཡ་ཧུ་དཱའི་ས་ཆ་དང་ཡེ་རུ་སཱ་ལེམ་གྱི་མི་ཐམས་ཅད་ཡོ་ཧ་ནན་གྱི་དྲུང་དུ་སོང་ནས། རང་གི་སྡིག་པ་མཐོལ་བཤགས་བྱས་པ་དང་ཡོར་དན་གཙང་པོར་ཞུགས་ཤིང་ཁོང་གིས་ཀྱང་དེ་རྣམས་ལ་ཁྲུས་གསོལ་མཛད་དོ།། ཡོ་ཧ་ནན་གྱིས་རྔ་རྩིད་ཀྱིས་བཟོས་པའི་ལྭ་བ་གྱོན་པ༌དང༌། ཀོ་བའི་སྐ་རགས་བཅིངས་ཤིང་ཟས་ལ་འབུ་ཆ་ག་པ་དང་རི་སྐྱེས་སྦྲང་རྩི་སྤྱོད༌པ་ཡིན། ཡོ་ཧ་ནན་གྱིས། བདག་གི་རྗེས་སུ་བདག་ལས་ཀྱང་མཐུ་སྟོབས་ཆེ་བ་ཞིག་ཕེབས་ངེས༌ཏེ། ངས་མར་སྒུར་ནས་ཁོང་གི་ལྷམ་མདུད་ཀྱང་དགྲོལ་བར་མི་འོས། ངས་ཁྱོད་རྣམས་ལ་ཆུ་ཡིས་ཁྲུས་གསོལ་བྱེད་པ་ཡིན༌མོད། འོན་ཀྱང་ཁོང་གིས་ཁྱོད་རྣམས་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་མཛད་པར་འགྱུར་ཞེས་ཆོས་བསྒྲགས་སོ།།
སྐྱབས་མགོན་ཡེ་ཤུ་ཁྲུས་གསོལ་ལ་ཞུགས༌པ།
དེའི་དུས༌སུ། སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ག་ལིལ་ཡུལ་གྱི་ནཱ་ཙ་རེལ་ནས་ཚུར་ཕེབས༌ཤིང༌། ཡོ་ཧ་ནན་གྱིས་ཡོར་དན་གཙང་པོ་ནས་སྐྱབས་མགོན་ཡེ་ཤུ་ལ་ཁྲུས་གསོལ་བྱས། 10 སྐྱབས་མགོན་ཡེ་ཤུ་ཆུ་ལས་ཡར་བུད་མ་ཐག་ཏུ་ནམ་མཁའི་སྒོ་ཕྱེས་ཤིང་། དམ་པའི་ཐུགས་ཉིད་ནི་བྱ་ཕུག་རོན་གྱི་གཟུགས་ཀྱིས་རང་ཉིད་ཀྱི་ལུས་སྟེང་ལ་བབས་པ་ཁོང་གིས་གཟིགས། 11 ཡང་ནམ་མཁའི་ཞིང་ཁམས་ནས་སྐད་སྒྲ་ཞིག་གྲགས༌ཏེ། ཁྱོད་ནི་ང་ཡི་གཅེས་པའི་བུ་ཡིན་ཞིང་ང་རང་ཁྱོད་ལ་ཤིན་ཏུ་དགའ་ཞེས་གསུངས༌སོ།།
སྐྱབས་མགོན་ཡེ་ཤུར་བདུད་སཱ་ཏན་གྱིས་ཉམས་ཚོད་བྱས༌པ།
12 དེ་ལྟར་གསུངས་མ་ཐག་ཏུ་དམ་པའི་ཐུགས་ཉིད་ཀྱིས་སྐྱབས་མགོན་ཡེ་ཤུ་བསྐུལ་ནས་ཁོང་ཉིད་དབེན་སྟོང་ཞིག་ཏུ་ཕེབས་པ༌དང༌། 13 དབེན་སྟོང་དེ་རུ་ཉིན་བཞི་བཅུའི་རིང་ལ་བདུད་སཱ་ཏན་གྱིས་ཁོང་ལ་ཉམས་ཚོད་བྱས༌ཤིང༌། ཁོང་ཉིད་གཅན་གཟན་དང་མཉམ་དུ་བཞུགས་པ༌དང༌། ཕོ་ཉ་རྣམས་ཕེབས་ནས་ཁོང་ལ་ཞབས་ཕྱི་བསྒྲུབས༌སོ།།
སྐྱབས་མགོན་ཡེ་ཤུའི་ཐུགས་སྲས་སྔ་མ༌སྐོར།
14 ཡོ་ཧ་ནན་བཙོན་དུ་བཅུག༌རྗེས། སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ག་ལིལ་ཡུལ་དུ་ཕེབས་ནས་དཀོན་མཆོག་གི་འཕྲིན་བཟང་བསྒྲགས་ཏེ་འདི་སྐད༌དུ། 15 དུས་ལོངས་ཤིང་དཀོན་མཆོག་གི་རྒྱལ་སྲིད་ཉེ་བར་སླེབས་པས། ཁྱོད་ཅག་གིས་ཀྱང་འགྱོད་བཤགས་བྱས་ཏེ་འཕྲིན་བཟང་ལ་དད་པ་བྱོས་ཤིག་ཅེས་གསུངས༌སོ།།
16 སྐྱབས་མགོན་ཡེ་ཤུ་མཚོ་ག་ལིལ་གྱི་མཚོ་འགྲམ་བརྒྱུད་ནས་ཕེབས་པ༌ན། ཁོང་གིས་སི་མོན་དང་དེའི་སྤུན་ཨན་དྲི་ཡཱ་ཞེས་པའི་ཉ་པ་གཉིས་ཀྱིས་མཚོ་ནང་དུ་དྲ་རྒྱ་འཕེན་བཞིན་པ་གཟིགས༌ཤིང༌། 17 ཁོ་གཉིས་ལ་འདི་སྐད༌དུ། བདག་གི་རྗེས་སུ་ཤོག༌དང༌། ངས་ཁྱོད་གཉིས་ལ་ཉ་ཐོབ་པ་ལྟར་མི་ཡང་འཐོབ་པར་བྱའོ་ཞེས་གསུངས་མ༌ཐག 18 ཁོ་གཉིས་ཀྱིས་དྲ་རྒྱ་དོར་ནས་ཁོང་གི་རྗེས་སུ་འབྲངས་སོ།། 19 དེ་ནས་སྐྱབས་མགོན་ཡེ་ཤུ་ཅུང་ཙམ་མདུན་དུ་ཕེབས་པ༌ན། ཟེ་བད་ཡཱའི་བུ་ཡ་ཀོབ་དང་ཁོའི་སྤུན་ཡོ་ཧ་ནན་གཉིས་ཀྱིས་ཀྱང་གྲུའི་སྟེང་ནས་དྲ་རྒྱ་བཟོ་བཅོས་བྱེད་བཞིན་པ་གཟིགས་པ༌དང༌། 20 སྐྱབས་མགོན་ཡེ་ཤུས་ཁོ་གཉིས་ལ་ཞལ་འབོད་གནང་ཞིང་། ཁོ་གཉིས་ཀྱིས་ཕ་ཟེ་བད་ཡཱ་དང་གླ་བ་རྣམས་གྲུའི་སྟེང་ནས་བསྐྱུར་ཏེ་ཁོང་གི་རྗེས་སུ་འབྲངས་སོ།།
གདོན་འདྲེ་སྐྲོད་པར་མཛད༌པ།
21 ཁོང་རྣམས་ཀཱ་ཕར་ན་ཧུམ་དུ་ཕེབས་པ༌དང༌། ངལ་གསོ་བའི་ཉིན་ལ་སྐྱབས་མགོན་ཡེ་ཤུ་ཆོས་ཁང་དུ་ཕེབས་ནས་མི་རྣམས་ལ་ཆོས་གསུངས་ཤིང་། 22 ཁོང་གིས་མི་རྣམས་ལ་ཆོས་གསུངས་པ་ནི་མཁན་པོ་རྣམས་དང་མི་འདྲ་བར་མི་དབང་ཅན་ཞིག་གིས་གསུངས་པ་དང་འདྲ༌བས་ཁོ་རྣམས་ངོ་མཚར་བར་གྱུར་ཏོ།། 23 དེའི་དུས༌སུ། ཆོས་ཁང་དེ་རུ་གདོན་འདྲེས་བཟུང་བའི་མི་ཞིག་ཡོད་པ་དེས་སྐད་ཆེན༌པོས། 24 ཀྱེ། ནཱ་ཙ་རེལ་པ་ཡེ༌ཤུ། ཁྱེད་དང་ངེད་ཅག་ལ་འབྲེལ་བ་ཅི་མཆིས༌སམ། ཁྱེད་རང་ངེད་རྣམས་འཇོམས་པར་ཕེབས༌སམ། ངས་ཁྱེད་རང་སུ་ཡིན་པ་ཤེས༌ཏེ། ཁྱེད་ནི་དཀོན་མཆོག་གི་སྐྱེས་བུ་དམ་པ་དེ་ཉིད་ཡིན་ཞེས་སྨྲས་པ༌ལ། 25 སྐྱབས་མགོན་ཡེ་ཤུས་གདོན་འདྲེ་དེ་ལ་འདི་སྐད༌དུ། ཁ་རོག་ཏུ་སྡོད༌ཅིག ཁོའི་ལུས་ནས་ཕྱིར་བུད་ཅིག་ཅེས་བཀའ་བཀྱོན་གནང་བ༌ན། 26 གདོན་འདྲེས་མི་དེ་དྲག་ཏུ་སྤྲུགས་པ་དང་སྐད་ཆེན་པོ་བརྒྱབ་སྟེ་ཕྱི་རུ་ཐོན་ནོ།། 27 མི་ཚང་མ་ཧ་ལས་ཏེ་ཕན་ཚུན་ལ་ཅི་ཡིན་འདྲི་བཞིན་འདི་ནི་དབང་ཐང་ཆེ་བའི་བཀའ་ཆོས་གསར་པ་ཞིག་རེད༌ཨང༌། ཁོང་གིས་གདོན་འདྲེ་ལ་བཀའ་གནང་ཞིང་དེ་དག་གིས་ཀྱང་ཁོང་གི་བཀའ་ལ་མཉན་ཞེས་སྨྲས་མ༌ཐག 28 སྐྱབས་མགོན་ཡེ་ཤུའི་མཚན་སྙན་གྲགས་ཀྱང་ག་ལིལ་ཡུལ་གྱི་ཕྱོགས་བཞི་ཐམས་ཅད་ལ་ཁྱབ་པར་གྱུར༌ཏོ།།
མི་མང་པོའི་ནད་གསོས༌པ།
29 སྐྱབས་མགོན་ཡེ་ཤུ་དང་བཅས་པ་ཆོས་ཁང་ནས་ཕྱིར་བུད༌པ་དང་། ཡ་ཀོབ་དང་ཡོ་ཧ་ནན་གཉིས་དང་མཉམ་དུ་སི་མོན་དང་ཨན་དྲི་ཡཱ་གཉིས་ཀྱི་ཁྱིམ་དུ་ཕེབས་སོ།། 30 དེའི་དུས༌སུ། སི་མོན་གྱི་སྒྱུག་མོར་ཚ་བརྒྱབ་སྟེ་ཉལ་ནས་བསྡད་ཡོད༌པས། ཁོ་རྣམས་ཀྱིས་མྱུར་དུ་ཁོ་མོའི་གནས་ཚུལ་སྐྱབས་མགོན་ཡེ་ཤུ་ལ་ཞུས༌ཤིང༌། 31 ཁོང་ཉིད་ཁོ་མོའི་མདུན་དུ་ཕེབས་ཏེ་ལག་པར་འཇུས་ཤིང་ཡར་བསྐྱོར་ནས་ལངས་སུ་བཅུག་པ༌ན། ཁོ་མོའི་ཚ་བཞག་སྟེ་ཁོང་རྣམས་ལ་ཞབས་ཕྱི་བསྒྲུབས་སོ།། 32 ཉི་མ་ནུབ་ནས་ས་རུབ་པའི་དུས༌སུ། མི་རྣམས་ཀྱིས་ནད་པ་དང་གདོན་འདྲེས་བཟུང་བའི་མི་ཐམས་ཅད་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཁྲིད་ཡོང་བ༌དང༌། 33 གྲོང་ཁྱེར་གྱི་མི་ཚང་མ་ཁྱིམ་ཚང་དེའི་སྒོ་ཁར་འདུས། 34 ཁོང་གིས་ནད་རིགས་སྣ་ཚོགས་བྱུང་བའི་ནད་པ་མང་པོ་སོས་སུ་བཅུག༌ཅིང༌། གདོན་འདྲེ་མང་པོའང་ཕྱི་རུ་བསྐྲད། གདོན་འདྲེ་དེ་དག་གིས་ཁོང་ཉིད་སུ་ཡིན་པ་ཤེས་པས་ཁོང་གིས་དེ་དག་ལ་སྐད་ཆ་སྨྲ་རུ་མ་བཅུག་གོ།
སྐྱབས་མགོན་ཡེ་ཤུས་དབེན་སྟོང་དུ་གསོལ་བ་བཏབ་པ།
35 དེའི་ཕྱི༌ཉིན། ནམ་མ་ལངས་པའི་སྔོན་ལ། སྐྱབས་མགོན་ཡེ་ཤུ་ཡར་བཞེངས་ཏེ་དབེན་གནས་ཤིག་ཏུ་ཕེབས་ནས་གསོལ་བ་བཏབ༌ཅིང་། 36 སི་མོན་དང་ཁོའི་ལམ་གྲོགས་རྣམས་ཁོང་ཉིད་འཚོལ་དུ་སོང་བ༌དང༌། 37 ཁོང་དང་མཇལ་རྗེས་མི་ཐམས་ཅད་ཀྱིས་ཁྱེད་རང་འཚོལ་བཞིན་འདུག་ཅེས་ཞུས་པ༌ན། 38 ཁོང་གིས་འདི་སྐད༌དུ། བདག་ཅག་ཡུལ་གཞན་དུ་འགྲོའོ།། ཉེ་འཁོར་གྱི་གྲོང་རྡལ་དུ་སོང་ནས་ཆོས་བསྒྲག་པར༌བྱའོ།། ང་རང་ཡང་དོན་འདིའི་ཆེད་དུ་ཡོང་བ་ཡིན་ཞེས་གསུངས་པ༌དང༌། 39 ཁོང་ཉིད་ག་ལིལ་ཡུལ་གྱི་ས་ཆ་སོ་སོར་ཕེབས་ནས། ཆོས་ཁང་དུ་ཆོས་བསྒྲགས་ཤིང་གདོན་འདྲེ་རྣམས་ཕར་བསྐྲད༌དོ།།
མཛེ་ནད་ཅན་གསོས༌པ།
40 མཛེ་ནད་བྱུང་བའི་མི་ཞིག་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང་ནས་པུས་མོ་སར་བཙུགས་ཏེ་ན༌རེ། གལ་ཏེ་ཁྱེད་ཐུགས་མཉེས་པ་ཡིན༌ན། ཁྱེད་ཀྱིས་ང་རང་གཙང་མར་མཛད་ནུས་པ་ཡིན་ཞེས་ཞུ་བ་བྱས་པ༌ལ། 41 སྐྱབས་མགོན་ཡེ་ཤུས་མི་དེ་ལ་སྙིང་རྗེ་དགོངས་ནས་ཕྱག་བརྐྱངས་ཤིང་རེག་སྟེ་ང་རང་འཐད་པ་ཡིན། ཁྱོད་རང་གཙང་མར་གྱུར་ཅིག་ཅེས་གསུངས་མ༌ཐག 42 མི་དེའི་མཛེ་ནད་སོས་ཏེ་གཙང་མར་གྱུར་ཏོ།། 43-44 དེ་ནས་སྐྱབས་མགོན་ཡེ་ཤུས་མི་དེ་ལ་འདི་སྐད༌དུ། ཁྱོད་ཀྱིས་གཟབ་པར༌གྱིས། གཞན་ལ་ཅི་ཡང་མི་སྨྲ་བར་གྱིས། ཁྱོད་རང་སོང་ནས་རང་གི་ལུས་པོ་མཆོད་དཔོན་ལ་སྟོན༌དང༌། མི་རྣམས་ལ་བདེན་དཔང་བྱེད་པའི་ཆེད་དུ་མོ་ཤེ་ཡིས་བཀའ་གནང་ཡོད་པ༌བཞིན། གཙང་མར་གྱུར་པའི་མཆོད་པ་ཕུལ་ཅིག་ཅེས་ནན་གྱིས་བཀའ་གནང་ཞིང་མྱུར་དུ་བཏང༌མོད། 45 འོན་ཀྱང་མི་དེ་ཕྱི་རུ་སོང་ནས་གཏམ་མང་པོ་སྨྲས་ཤིང་གནས་ཚུལ་འདིའང་ཁྱབ་བསྒྲགས་བྱས༌པས། དེའི་རྗེས༌སུ། སྐྱབས་མགོན་ཡེ་ཤུ་གྲོང་ཁྱེར་གང་ལའང་མངོན་སུམ་དུ་ཕེབས་མ་ནུས་པར་ཕྱི་རོལ་གྱི་དབེན་གནས་སུ་བཞུགས། འོན་ཏེ་མི་རྣམས་ནི་ཕྱོགས་བཞི་མཚམས་བརྒྱད་ནས་ཁོང་གི་དྲུང་དུ་ཡོང་ངོ་།།

*ལེའུ་དང༌པོ།:2 ཚིག་རྐང་འདི་ལས་བདག་ཅེས་པ་ནི་ཡབ་དཀོན་མཆོག༌དང༌། ཕོ་ཉ་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན༌དང༌། ཁྱོད་ཅེས་པ་ནི་སྲས་དཀོན་མཆོག་སྟེ་སྐྱབས་མགོན་ཡེ་ཤུ་བཅས་ལ་གོ༌ཞིང༌། དོན་དེའི་སྒོ་ནས་བགྲོད་ལམ་སྟ་གོན་བྱེད་པར་གོ་དགོས།