ལེའུ་དགུ་པ།
ཡེས་ར་ཨེལ་པ་རྣམས་ཀྱིས་རང་ཉེས་ཁས་ལེན་གྱི་གསོལ་བ་བཏབ་པ།
1 དེ་ནས་ཟླ་འདིའི་ཚེས་ཉེར་བཞི་ཉིན་ཡེས་ར་ཨེལ་པ་རྣམས་ཀྱིས་མཉམ་གཅིག་ཏུ་སྨྱུང་གནས་བསྲུངས་ཤིང་། ལུས་ལ་རྩིད་རས་གྱོན་ཏེ་མགོ་ལ་ས་རྡུལ་བླུགས་སོ། ། 2 ཡང་ཡེས་ར་ཨེལ་པ་རྣམས་ཕྱི་ཕྱོགས་པ་ཐམས་ཅད་དང་རྩ་བ་ནས་བཀར་ཏེ། དེ་དག་ཡར་ལངས་ནས་རང་གི་སྡིག་པ་དང་རང་གི་ཕ་མེས་ཀྱི་སྐྱོན་རྣམས་མཐོལ་བཤགས་བྱས་སོ། ། 3 ཉིན་དེའི་བཞི་ཆའི་གཅིག་ལ་ཁོ་རྣམས་རང་ཉིད་ཀྱི་སར་ཡར་ལངས་ནས་རང་གི་དཀོན་མཆོག་ཡ་ཝཱེའི་བཀའ་ཁྲིམས་ཀྱི་མདོ་བཀླགས་པ་དང་། ཡང་ཉིན་དེའི་བཞི་ཆའི་གཅིག་ལ་སྡིག་པ་མཐོལ་བཤགས་བྱས་ནས་དཀོན་མཆོག་ཡ་ཝཱེ་ལ་ཕྱག་བཙལ་ཏོ། ། 4 དེ་ནས་ཡེ་ཤུ་ཨ་དང་། པཱ་ནི། ཀད་མི་ཨེལ། ཤེ་བན་ཡཱ། པུན་ནི། ཤེ་རེབ་ཡཱ། པཱ་ནི། ཁེ་ན་ནི་བཅས་ལེ་ཝི་པ་རྣམས་ཀྱི་ཐེམ་པའི་ཁར་ལངས་ཏེ་སྐད་ཆེན་པོས་རང་གི་དཀོན་མཆོག་ཡ་ཝཱེ་ལ་སྐྱབས་བཅོལ་ཞུས། 5 ཡང་ཡེ་ཤུ་ཨ་དང་། ཀད་མི་ཨེལ། པཱ་ནི། ཧ་ཤབ་ནེ་ཡཱ། ཤེ་རེབ་ཡཱ། ཧོ་དི་ཡཱ། ཤེ་བན་ཡཱ། ཕེ་ཐ་ཡཱ་བྱ་བའི་ལེ་ཝི་པ་རྣམས་ཀྱིས་འདི་ལྟར། ཡར་ལོངས་ཤིག ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་རྒྱུན་ནས་རྒྱུན་དུ་བསྟོད་པ་ཕུལ་ཞིག ཁྱེད་ཀྱི་གཟི་བརྗིད་ཀྱི་མཚན་ནི་བསྟོད་པ་འབུལ་འོས་པ་དང་། ཀུན་ལས་འཕགས་པའི་བསྟོད་པ་དང་བསྔགས་བརྗོད་འབུལ་འོས་སོ། ། 6 ཁྱེད་གཅིག་པོ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་ནམ་མཁའ་དང་ནམ་མཁའི་མཁའ་དབྱིངས་མཛད་པ་དང་། དེ་དག་གི་དཔུང་ཚོགས་ཐམས་ཅད་དང་། ས་གཞི་དང་དེའི་སྟེང་གི་བྱ་དངོས་ཐམས་ཅད། རྒྱ་མཚོ་དང་དེའི་ནང་དུ་ཡོད་པ་ཐམས་ཅད་བཀོད་པར་མཛད་ཅིང་། ཁྱེད་ཀྱིས་དངོས་པོ་དེ་མཐའ་དག་ལ་ཚེ་སྲོག་གནང་ནས་སྐྱོང་བར་མཛད་པ་དང་། ནམ་མཁའི་དཔུང་ཚོགས་ཀྱིས་ཀྱང་ཁྱེད་ལ་བསྟོད་བསྔགས་བརྗོད་དོ། ། 7 ཁྱེད་ནི་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་སྔོན་ཆད་ཨབ་རམ་བདམས་ཏེ་ཀལ་དི་པའི་ཨུར་ཞེས་པའི་ཡུལ་ནས་ཁྲིད་ཅིང་། དེའི་མིང་བརྗེས་ནས་ཨབ་ར་ཧམ་ཞེས་བཏགས་སོ། ། 8 ཁྱེད་ཀྱིས་ཁྱེད་ཀྱི་དྲུང་དུ་མི་དེའི་བློ་སེམས་དཀར་བ་གཟིགས་ནས་དེ་ལ་ཞལ་ཆད་བཞག་ཅིང་། ཀ་ན་ཨན་པ་དང་། ཧེད་པ། ཨེ་མོར་པ། ཕེ་རེ་ཟི་པ། ཡེ་བུ་སི་པ། གིར་གས་པ་བཅས་པའི་ཡུལ་རྣམས་ཁོའི་མི་མང་ལ་གནང་བར་ཞལ་གྱིས་བཞེས་ཤིང་། ཁྱེད་ཀྱིས་རང་ཉིད་ཀྱི་བཀའ་བཞིན་དུ་ཡང་མཛད། གང་ལ་ཞེ་ན། ཁྱེད་ནི་དྲང་བདེན་ལགས་པའི་ཕྱིར་རོ། ། 9 ཡང་ཨེ་ཅིབ་ཡུལ་དུ་བདག་ཅག་གི་ཕ་མེས་རྣམས་ཀྱིས་སྡུག་བསྔལ་མྱོང་བ་ཁྱེད་ཀྱིས་མཐོང་ཞིང་། དེ་དག་གི་རྒྱ་མཚོ་དམར་པོའི་འགྲམ་གྱི་སྨྲེ་ངག་ཐོས་སོ། ། 10 ཕཱར་ཨོལ་དང་དེའི་འཁོར་གཡོག་ཐམས་ཅད་དང་། དེའི་རྒྱལ་ཁབ་ཀྱི་འབངས་མིའི་ལུས་སྟེང་དུ་གྲུབ་རྟགས་དང་དོན་ངོ་མཚར་ཅན་རྣམས་མཛད་པ་སྟེ། དེ་དག་གིས་ངེད་ཅག་གི་ཕ་མེས་ལ་ང་རྒྱལ་གྱིས་ཁེངས་ནས་བརྙས་པ་ཁྱེད་ཀྱིས་མཁྱེན་པས་སོ། །ཁྱེད་ཀྱིས་རང་ཉིད་ལ་མིང་བཏོན་ནས་ད་ལྟའི་བར་དུ་ཡོད་པ་དེ་བཞིན་ནོ། ། 11 ཁྱེད་ཀྱིས་ངེད་ཀྱི་ཕ་མེས་རྣམས་ཀྱི་མདུན་ནས་རྒྱ་མཚོ་ཁག་གཉིས་སུ་མཛད་ནས། དེ་དག་རྒྱ་མཚོའི་དཀྱིལ་དུ་སྐམ་སར་ཕྱིན་ཏོ། །ཁྱེད་ཀྱིས་དེ་དག་ལ་ར་མདའ་བྱེད་མཁན་རྣམས་རྒྱ་མཚོའི་ནང་དུ་འཕངས་པ་དང་། རྡོ་ཞིག་ཆུ་གཏིང་ཟབ་ཀྱི་ནང་དུ་འཕེན་པ་ལྟར་མཛད་དོ། ། 12 ཉིན་མོར་སྤྲིན་གྱི་ཀ་བ་ཞིག་ལ་བརྟེན་ནས་དེ་དག་འཁྲིད་པར་མཛད་པ་དང་། མཚན་མོར་མེའི་ཀ་བ་ཞིག་གི་འོད་ལ་བརྟེན་ནས་དེ་དག་གང་དུ་བགྲོད་དགོས་པའི་ལམ་ལ་འཁྲིད་པར་མཛད། 13 ཁྱེད་རང་རི་བོ་སི་ནཱའི་སྟེང་དུ་ཕེབས་ཏེ་ནམ་མཁའ་ནས་དེ་དག་ལ་གསུང་གླེང་མཛད་ཅིང་། དྲང་གཞག་གི་སྒྲིག་སྲོལ་དང་བདེན་པ་ཉིད་ཀྱི་བཀའ་ཁྲིམས། ཁྲིམས་ལུགས་དང་བཀའ་རྒྱ་བཟང་པོ་བཅས་གནང་བ་དང་། 14 ཁྱེད་ཀྱི་ངལ་གསོ་བའི་ཉིན་དམ་པ་དེ་དག་ལ་མངོན་པར་མཛད་ཅིང་། ཁྱེད་ཀྱི་ཞབས་ཕྱི་པ་མོ་ཤེའི་ངག་གི་སྒོ་ནས་དེ་དག་ལ་བཀའ་རྒྱ་དང་། ཁྲིམས་ལུགས་དང་། བཀའ་ཁྲིམས་བཙུགས་སོ། ། 15 ཁྱེད་ཀྱིས་ནམ་མཁའ་ནས་དེ་དག་ལ་ཁ་ཟས་གནང་ནས་ལྟོགས་སྡུག་སེལ་བ་དང་། ཡང་བྲག་ངོས་ནས་ཆུ་བཏོན་ནས་དེ་དག་གི་སྐོམ་པ་སེལ་བར་བྱས། ཁྱེད་ཀྱིས་དེ་དག་ལ་ཡུལ་དེའི་ནང་དུ་སོང་སྟེ་ཁྱེད་ཀྱིས་སྔར་ནས་ཁོ་རྣམས་ལ་གནང་བར་ཁས་བླངས་པའི་ཡུལ་དེ་ལེན་པར་བཀའ་གསུངས་པ་ཡིན། 16 འོན་ཀྱང་ངེད་ཀྱི་ཕ་མེས་ཀྱིས་ང་རྒྱལ་བསྐྱེད་ནས་མཇིང་པ་གྱོང་པོ་བྱས་ཏེ་ཁྱེད་ཀྱི་བཀའ་ལ་མ་མཉན། 17 ཁོ་རྣམས་ཀྱིས་བཀའ་ལ་མ་མཉན་པ་དང་། ཁྱེད་ཀྱིས་དེ་རྣམས་ཀྱི་དཀྱིལ་དུ་བསྟན་པའི་དོན་ངོ་མཚར་ཅན་རྣམས་ཡིད་ལ་མ་དྲན་པར། རང་གི་མཇིང་པ་གྱོང་པོ་བྱས་ནས་བསམ་གཟས་ཏེ་ངོ་ལོག་བྱས་ཤིང་། རང་དགར་འགོ་དཔོན་ཞིག་ཀྱང་བསྐོས་ཏེ་སྔོན་ཆད་ཁོ་ཚོ་བྲན་གཡོག་ཏུ་བཀོལ་པའི་ཨེ་ཅིབ་ཡུལ་དུ་འགྲོ་བར་འདོད། འོན་ཀྱང་ཁྱེད་ནི་དགོངས་ཡངས་གནང་བའི་ཐུགས་རྗེ་ཅན་དང་། སྙིང་རྗེ་ཆེན་པོ་མངའ་བ། རང་དགར་ཐུགས་མི་ཁྲོ་བ། བྱམས་བརྩེ་མཐའ་ཡས་པའི་དཀོན་མཆོག་ལགས་པས་དེ་དག་མ་སྤངས་སོ། ། 18 དེ་དག་གིས་གསེར་གྱི་བ་ཕྲུག་*འདིར་གསེར་གྱི་བ་ཕྲུག་ཅེས་པའི་གསེར་ནི་མདོ་འདིའི་ནང་དུ་ཁ་གསལ་མེད་མོད། ཨེ་ཅིབ་ནས་ཐོན་པའི་མདོ་ཡི་ནང་དུ་གསལ་བས་འདིར་སྣོན་སྒྱུར་བྱས་པ་ཡིན། བླུགས་མ་ཞིག་བཟོས་ཏེ་འདི་ལྟར། ཁྱོད་ཅག་ཨེ་ཅིབ་ཡུལ་ནས་བཏོན་ཏེ་ཁྲིད་པའི་དཀོན་མཆོག་དེ་ནི་འདི་ཡིན་ཟེར་ཞིང་། སྐུར་བ་བཏབ་ནས་ཉེས་པ་ཆེན་པོ་བཟོས་སོ། ། 19 ཡིན་ན་ཡང་ཁྱེད་ཀྱི་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་དེ་དག་དབེན་སྟོང་དུ་མ་སྤངས་པར། ཉིན་མོར་ལམ་དུ་འཁྲིད་པའི་སྤྲིན་གྱི་ཀ་བ་དང་། མཚན་མོར་འོད་གནང་བའི་མེའི་ཀ་བས་དེ་དག་བགྲོད་སའི་ལམ་ལ་ཁྲིད་དོ། ། 20 ཁྱེད་ཀྱི་ཐུགས་ཉིད་ལེགས་པོས་དེ་དག་ལ་བསླབ་བྱ་ཡང་གནང་བ་ཡིན། ཁྱེད་ཀྱི་མཱན་ནཱ་དེ་དག་གི་ཁ་ནས་ཕྱིར་མ་བླངས་པར། ཆུ་གནང་ནས་དེ་དག་གི་སྐོམ་པ་སེལ་ཏོ། ། 21 ལོ་ངོ་བཞི་བཅུའི་རིང་ལ་དབེན་སྟོང་དུ་ཁྱེད་ཀྱིས་དེ་དག་བསྐྱངས་པས། དེ་དག་ལ་མི་འདང་བ་གང་ཡང་མ་བྱུང་། དེ་དག་གི་གོས་རྣམས་རྙིང་ཧྲུལ་དུ་མ་གྱུར་པ་དང་། རྐང་པ་ཡང་སྐྲངས་མེད་དོ། ། 22 ཁྱེད་ཀྱིས་དེ་དག་ལ་རྒྱལ་ཁམས་དང་མི་རིགས་སོ་སོ་གནང་བ་དང་། ཡུལ་དེའི་གྲུ་ཟུར་དེ་དག་ཁོ་ཚོར་བགོས་ནས། དེ་དག་གིས་ཧེ་སི་པོན་གྱི་རྒྱལ་པོ་སི་ཧོན་གྱི་ཡུལ་དང་། པཱ་ཤན་གྱི་རྒྱལ་པོ་ཨོག་བྱ་བའི་ཡུལ་རྣམས་བདག་ཏུ་བཟུང་ངོ་། ། 23 ཁྱེད་ཀྱིས་དེ་དག་གི་བུ་རྣམས་ནམ་མཁའི་སྐར་མ་ལྟར་དར་བར་མཛད་ནས། སྔར་ཁྱེད་ཀྱིས་དེ་དག་གི་མེས་པོ་རྣམས་ལ་ནང་དུ་སོང་ནས་ས་གཞི་དེ་བདག་གིར་བཟུང་ཞེས་ཞལ་བཞེས་མཛད་པའི་ཡུལ་དུ་དེ་དག་ཁྲིད་དོ། ། 24 དེ་ལྟར་བུ་རྒྱུད་དེ་དག་ཡུལ་དེའི་ནང་དུ་སོང་ནས་ཡུལ་དེ་དབང་བ་ཡིན། དེ་དག་གི་མདུན་དུ་ཡུལ་དེའི་མི་ཀ་ན་ཨན་པ་རྣམས་ཁྱེད་ཀྱིས་བཏུལ་ནས། ཡུལ་མི་རྣམས་དང་རྒྱལ་པོ་ནི་ཁོ་ཚོས་ཅི་འདོད་བཞིན་དུ་བྱེད་པའི་ཕྱིར་ཁྱེད་ཀྱིས་དེ་དག་ལ་སྤྲད་དོ། ། 25 དེ་དག་ལ་གྲོང་ཁྱེར་བརྟན་པོ་དང་ཡུལ་སྐྱིད་པོ་ཐོབ་ནས། ནོར་གྱིས་གང་བའི་ཁང་པ་དང་། ཆུ་ཡོད་པའི་ཁྲོན་པ་དང་། རྒུན་འབྲུམ་ར་བ་དང་། སྐྱུ་རུ་རའི་ཚལ་དང་། སིལ་སྡོང་མང་པོ་བཅས་ཐོབ་ཅིང་། དེ་དག་གིས་ཟོས་ཏེ་ཡིད་ཚིམས་ནས་ལུས་དར་བ་དང་། ཁྱེད་ཀྱི་བཀའ་དྲིན་ཆེན་པོའི་ནང་དུ་འཚོ་བ་སྐྱིད་པོ་རོལ་ཏོ། ། 26 འོན་ཀྱང་དེ་དག་གིས་བཀའ་ལ་མ་མཉན་པར་ཁྱེད་ལ་ངོ་ལོག་བྱས་ཤིང་། ཁྱེད་ཀྱི་བཀའ་ཁྲིམས་དེ་རྒྱབ་ཏུ་གཡུགས་ནས། ཁྱེད་ཀྱི་ཕྱོགས་སུ་འགུག་པའི་ཕྱིར་ཉེན་བརྡ་གཏོང་བའི་ཁྱེད་ཀྱི་ལུང་སྟོན་པ་རྣམས་བསད་ནས་སྐུར་འདེབས་ཀྱི་ཉེས་པ་ཆེན་པོ་བཟོས་སོ། ། 27 དེའི་ཕྱིར་ཁྱེད་ཀྱིས་དེ་དག་དགྲ་བོ་རྣམས་ཀྱི་ལག་ཏུ་སྤྲད་ནས། དགྲ་རྣམས་ཀྱིས་དེ་དག་ལ་མནར་གཅོད་བཏང་། དེ་དག་སྡུག་བསྔལ་གྱི་ནང་དུ་ཡོད་པའི་ཚེ་ཁྱེད་ལ་ཞུ་འབོད་བྱས་པ་དང་། ཁྱེད་ཀྱིས་ནམ་མཁའ་ནས་གསན་ཞིང་། ཁྱེད་ཉིད་ཀྱི་ཐུགས་བརྩེ་བ་ཆེན་པོས་སྐྱོབ་མཁན་མངགས་ཏེ་ཁོ་ཚོ་དགྲ་བོའི་ལག་ནས་ཐར་བར་མཛད་དོ། ། 28 འོན་ཀྱང་དེ་དག་གིས་བདེ་སྐྱིད་ངང་འཚོ་བ་ཡུད་ཙམ་རོལ་རྗེས། སླར་ཡང་ཁྱེད་ཀྱི་དྲུང་དུ་མི་དགེ་བའི་ལས་བྱས་པས། ཁྱེད་ཀྱིས་དེ་དག་དོར་ནས་དགྲ་བོའི་ལག་ཏུ་སྤྲད་པ་དང་། དགྲ་བོས་དེ་དག་དབང་འོག་ཏུ་བསྡུས། ཡང་སྔར་བཞིན་ཁྱེད་ལ་སྐྱབས་འབོད་ཞུས་པ་ལ། ཁྱེད་ཀྱིས་ནམ་མཁའ་རུ་གསན་ནས་ཐུགས་བརྩེ་བ་དང་བསྟུན་དེ་དག་ཡང་དང་བསྐྱར་དུ་ཐར་བར་མཛད་པ་ཡིན། 29 ཁྱེད་ཀྱིས་དེ་དག་ལ་བཀའ་ཁྲིམས་ཕྱོགས་སུ་བསྒྱུར་བར་སྐུལ་མ་བཏང་ཡང་། དེ་དག་གིས་ང་རྒྱལ་བསྐྱེད་ནས་ཁྱེད་ཀྱི་བཀའ་དང་དུ་མ་བླངས་པར། ཁྱེད་ཀྱི་སྒྲིག་སྲོལ་རྣམས་དང་འགལ་ནས་སྡིག་པ་བྱས། མི་སུས་ཀྱང་བཀའ་ཁྲིམས་བསྲུངས་ན་འཚོ་བར་འགྱུར། དེ་དག་གིས་རང་གི་གཉའ་མ་བསྒུར་བར་སྐེ་གཅུས་ནས་མཇིང་པ་གྱོང་པོ་བྱས་ཏེ་མ་མཉན་ནོ། ། 30 འོན་ཀྱང་ཁྱེད་ཀྱིས་ལོ་མང་པོར་ཐུགས་བཟོད་མཛད་ཅིང་། ལུང་སྟོན་པ་རྣམས་བརྒྱུད་ནས་ཁྱེད་ཀྱི་ཐུགས་ཉིད་ཀྱིས་དེ་དག་ལ་སྐུལ་མ་བཏང་ཡང་། དེ་དག་གི་རྣ་བ་མ་བཏུད། དེ་བས་ཁྱེད་ཀྱིས་དེ་དག་ཡུལ་སོ་སོའི་ཡུལ་མི་ལག་ཏུ་སྤྲད་དོ། ། 31 འོན་ཀྱང་ཁྱེད་ཀྱི་སྙིང་རྗེ་ཆེན་པོའི་རྐྱེན་གྱིས་དེ་དག་ཡོངས་སུ་རྩ་མེད་དུ་མ་བཏང་བ་དང་། དོར་བར་མ་བྱས་སོ། །གང་ལ་ཞེ་ན། ཁྱེད་ནི་ཐུགས་རྗེ་ཅན་དང་སྙིང་རྗེ་ཆེན་པོ་མངའ་བའི་དཀོན་མཆོག་ལགས་སོ། ། 32 ད་ནི་ཀྱེ་ཀྱེ་ངེད་ཅག་གི་དཀོན་མཆོག་ལགས། ཁྱེད་ནི་ཆེས་ཆེན་པོ་དང་། ནུས་མཐུ་བླ་ན་འཕགས་པ། ཆེས་འཇིགས་སུ་རུང་བ། དམ་བཅའ་བཞིན་དུ་མཛད་ཅིང་ཐུགས་བརྩེ་བར་མཛད་པའི་དཀོན་མཆོག་ལགས། ཨ་སུར་གྱི་རྒྱལ་པོ་རྣམས་ཀྱི་དུས་ནས་དེ་རིང་གི་བར་དུ་ངེད་ཅག་གི་རྒྱལ་པོ་དང་སྐུ་དྲག་དང་། མཆོད་དཔོན་དང་། ལུང་སྟོན་པ་དང་། ཕ་མེས་དང་། འབངས་མི་ཡོངས་ཀྱི་སྟེང་དུ་བབས་པའི་སྡུག་བསྔལ་དེ་ཚང་མ་ཁྱེད་ཀྱིས་དོན་ཆུང་བར་མི་དགོངས་པར་མཛོད། 33 ངེད་ཅག་ལ་བྱུང་བའི་དོན་ཐམས་ཅད་ཀྱི་སྟེང་ནས་ཁྱེད་ནི་དྲང་བདེན་ལགས་ཏེ། ཁྱེད་ཀྱིས་མཛད་པ་ཐམས་ཅད་དྲང་བདེན་ཡིན་པ་དང་། ངེད་ཅག་གིས་བྱས་པ་ཐམས་ཅད་ནི་ངན་པ་ཡིན་ནོ། ། 34 ངེད་ཅག་གི་རྒྱལ་པོ་དང་། སྐུ་དྲག་དང་། མཆོད་དཔོན་དང་། ཕ་མེས་རྣམས་ཀྱིས་ཁྱེད་ཀྱི་བཀའ་ཁྲིམས་མ་བསྲུངས་པ་དང་། ཁྱེད་ཀྱི་བཀའ་རྒྱ་དང་ཁྱེད་ཀྱིས་དེ་དག་ལ་བསྐུལ་མ་བཏང་བ་རྣམས་ལའང་མ་མཉན་ནོ། ། 35 དེ་དག་གིས་རང་གི་རྒྱལ་ཁམས་ནས་ཁྱེད་ཀྱི་བཀའ་དྲིན་ཆེན་པོ་དང་དུ་བླངས་པ་དང་། ཁྱེད་ཀྱིས་དེ་དག་ལ་གནང་བའི་རྒྱ་ཆེ་ཞིང་ཕྱུག་པོ་ཡིན་པའི་ཡུལ་འདི་རུ། དེ་དག་གིས་ཁྱེད་ལ་ཞབས་ཕྱི་མ་བསྒྲུབས་པ་དང་རང་གི་ལས་ངན་པ་རྣམས་ཀྱང་མ་སྤངས་སོ། ། 36 གཟིགས་དང་། ད་ལྟ་ངེད་ཅག་ནི་གཡོག་པོར་གྱུར་ཏེ། ཁྱེད་ཀྱིས་ངེད་ཅག་གི་ཕ་མེས་རྣམས་ལ་ཐོན་རྫས་དང་སྐྱེ་དངོས་ཡིད་དུ་འོང་བ་ལོངས་སུ་སྤྱོད་པར་གནང་བའི་ཡུལ་ལ་གཟིགས་དང་། ངེད་ཅག་ཡུལ་འདི་རུ་གཡོག་པོར་གྱུར་ཏོ། ། 37 ས་འདིའི་ཐོན་རྫས་མང་པོ་རྒྱལ་པོ་རྣམས་ལ་དབང་བ་དང་། ངེད་ཅག་གི་སྡིག་པའི་རྐྱེན་གྱིས་ཁྱེད་ཀྱིས་རྒྱལ་པོ་རྣམས་ནི་ངེད་ཅག་ལ་དབང་བྱེད་པར་གནང་བ་དང་། དེ་རྣམས་ཀྱིས་ངེད་ཅག་གི་ལུས་ཕུང་དང་ཕྱུགས་ཟོག་གཉིས་ལ་གང་འདོད་བཞིན་དུ་དབང་བྱས་པས། ངེད་ཅག་སྡུག་བསྔལ་ཆེན་པོའི་ནང་དུ་ལྷུང་ངོ་ཞེས་ཞུས་ཤིག་སྨྲས་སོ། །
སྤྱི་གན་གྱི་སྟེང་ལ་མིང་རྟགས་བཀོད་པའི་མི།
38 བྱ་བ་འདི་ཐམས་ཅད་ཀྱི་རྐྱེན་གྱིས་འགྱུར་དུ་མེད་པའི་གན་རྒྱ་བྲིས་ཤིང་ངེད་རྣམས་ཀྱི་འགོ་དཔོན་དང་། ལེ་ཝི་པ་རྣམས་དང་། མཆོད་དཔོན་རྣམས་ཀྱིས་དེ་ལ་མིང་རྟགས་བཀོད་དོ། །
*ལེའུ་དགུ་པ།:18 འདིར་གསེར་གྱི་བ་ཕྲུག་ཅེས་པའི་གསེར་ནི་མདོ་འདིའི་ནང་དུ་ཁ་གསལ་མེད་མོད། ཨེ་ཅིབ་ནས་ཐོན་པའི་མདོ་ཡི་ནང་དུ་གསལ་བས་འདིར་སྣོན་སྒྱུར་བྱས་པ་ཡིན།