ལེའུ་ལྔ་པ།
མི་གཙང་བའི་མི་རྣམས།
དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ། མི་མཛེ་ནད་ཅན་དང་། འཛིར་ནད་ཅན་དང་། བེམ་པོ་ལ་རེག་ནས་མི་གཙང་བར་གྱུར་པ་ཐམས་ཅད་སྒར་གྱི་ཕྱི་རོལ་ཏུ་འདོན་པར་བཀའ་སྒོས་ཤིག སྐྱེས་པའམ་བུད་མེད་སུ་ཡིན་ཡང་ཕྱི་རུ་འདོན་པ་དང་། དེ་དག་གིས་རང་གི་སྒར་བཙོག་པར་མི་བྱེད་པའི་ཆེད་དུ། དེ་རྣམས་སྒར་གྱི་ཕྱི་རོལ་ཏུ་འདོན་དགོས་ལ། སྒར་དེ་ནི་བདག་གི་སྡོད་གནས་ཡིན་ཞེས་གསུངས་སོ། ། ཡེས་ར་ཨེལ་པ་རྣམས་ཀྱིས་དེ་ལྟར་བྱས་ཤིང་། དེ་དག་སྒར་གྱི་ཕྱི་རོལ་ཏུ་བཏོན་པ་དང་། དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་བཀའ་ཇི་ལྟར་གསུངས་པ་བཞིན། ཡེས་ར་ཨེལ་པ་རྣམས་ཀྱིས་དེ་ལྟར་བྱས་སོ། །
དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྨྲོས་དང་། སྐྱེས་པའམ་བུད་མེད་སུ་ཡིན་ཡང་མི་ཡིས་བྱེད་པའི་སྡིག་པ་སྤྱད་ནས་དཀོན་མཆོག་ཡ་ཝཱེ་ལ་འགལ་བ་ཡིན་ན། མི་དེ་ལ་ཉེས་པ་ཡོད་ཅིང་། མི་དེས་རང་བྱས་ཀྱི་སྡིག་པ་མཐོལ་བཤགས་བགྱི་བ་དང་། མི་ལ་གྱོང་གུད་བཟོས་པ་ལ་སྐྱིན་ཚབ་འཇལ་བར་མ་ཟད། དེའི་ཁར་ལྔ་ཆ་གཅིག་བསྣན་ཏེ་གྱོང་རག་པའི་མི་ལ་སྤྲོད་དགོས། གལ་སྲིད་མི་དེ་ལ་གྱོང་གུད་ཀྱི་སྐྱིན་ཚབ་འཇལ་སའི་གཉེན་ཉེ་མེད་ན། གྱོང་གུད་ཀྱི་སྐྱིན་ཚབ་ནི་དཀོན་མཆོག་ཡ་ཝཱེ་ལ་འཇལ་དགོས་ཤིང་། དེ་ནི་མཆོད་དཔོན་ལ་དབང་བ་དང་། དེའི་ཁར་ད་དུང་སྡིག་བཤགས་བྱེད་པའི་ལུག་ཐུག་ཀྱང་འབུལ་དགོས་སོ། ། ཡེས་ར་ཨེལ་པ་རྣམས་ཀྱི་རྫས་དམ་པ་ཐམས་ཅད་ལས་མཆོད་དཔོན་ལ་འདེགས་མཆོད་དུ་ཕུལ་བ་ནི་གང་ཡིན་ཡང་མཆོད་དཔོན་ལ་དབང་དགོས། 10 མི་རེ་རེས་ཕུལ་བའི་རྫས་དམ་པ་རྣམས་མཆོད་དཔོན་ལ་དབང་དགོས། མི་ཡིས་རྫས་གང་ཞིག་མཆོད་དཔོན་ལ་ཕུལ་ན། དེ་ནི་མཆོད་དཔོན་ལ་དབང་བ་ཡིན་ཞེས་བཤད་དགོས་པར་བཀའ་བསྩལ་ཏོ། །
11 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 12 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྨྲོས་དང་། སུ་དང་སུ་ཡིན་ཡང་གལ་ཏེ་ཁོའི་ཆུང་མས་ཁྱོ་ག་ལ་རྒྱབ་འགལ་བྱས་ནས་རང་གི་ཁྱོ་ག་ལ་བློ་མི་དཀར་བ་དང་། 13 སྐྱེས་པ་ཞིག་ཁོ་མོ་དང་ལུས་འབྲེལ་བྱས་ཏེ། རང་གི་ཁྱོ་ག་ལ་གསང་ནས་རྩད་མ་ཆོད་པ་དང་། ཁོ་མོས་རང་ཉིད་མི་གཙང་བར་བྱས་པ་ལ་བདེན་དཔང་བྱེད་མཁན་སུ་ཡང་མ་བྱུང་ཞིང་། ཉེས་པ་བྱེད་དུས་ཀྱང་གཞན་གྱིས་མ་ཟིན་ནའང་། 14 གལ་སྲིད་ཁོ་མོའི་ཁྱོ་གའི་སེམས་སུ་དོགས་པ་ལངས་ནས་རང་གི་ཆུང་མར་ཐེ་ཚོམ་ཟོས་པ་དང་། ཆུང་མ་དངོས་གནས་མི་གཙང་བར་བྱས་པའམ། ཡང་ན་ཁྱོ་ག་སེམས་སུ་དོགས་པ་ལངས་ནས་རང་གི་ཆུང་མར་ཐེ་ཚོམ་ཟོས་ནའང་ཆུང་མ་མི་གཙང་བར་བྱས་མེད་ན། 15 མི་དེས་རང་གི་ཆུང་མ་མཆོད་དཔོན་གྱི་མདུན་དུ་འཁྲིད་པ་དང་། ཡང་ཁོ་མོའི་ཆེད་དུ་ནས་ཕྱེ་ཨེ་ཕཱ་བཅུ་ཆ་གཅིག་མཆོད་པར་འབུལ་དགོས་ཤིང་། དེའི་སྟེང་དུ་སྣུམ་ལྡུག་མི་རུང་ལ་སྤོས་དཀར་ཡང་སྒྲོན་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། དེ་ནི་ཐེ་ཚོམ་གྱི་འབྲུ་མཆོད་དང་། དྲན་པའི་འབྲུ་མཆོད་དེ་ནག་ཉེས་དྲན་པའི་འབྲུ་མཆོད་ཡིན་པས་སོ། ། 16 དེ་ནས་མཆོད་དཔོན་གྱིས་བུད་མེད་དེ་འཁྲིས་སུ་ཁྲིད་ནས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་བསླང་བར་བྱ་ཞིང་། 17 ཆུ་དམ་པ་རྫ་བུམ་ཞིག་ཏུ་ལྡུག་པ་དང་། ཡང་གུར་མཆོག་གི་ས་ནས་ས་རྡུལ་བླངས་ཏེ་ཆུ་ནང་དུ་འདེབས་དགོས། 18 མཆོད་དཔོན་གྱིས་བུད་མེད་དེ་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་བསླངས་ནས་ཁོ་མོའི་སྐྲ་ལྷོད་པ་དང་། དྲན་པའི་འབྲུ་མཆོད་དེ་ཐེ་ཚོམ་གྱི་འབྲུ་མཆོད་ཡིན་པ་དེ་ནི་ཁོ་མོའི་ལག་ཏུ་འཇོག་དགོས། མཆོད་དཔོན་གྱི་ལག་ཏུ་དམོད་མོ་འགུག་པའི་ཆུ་ཁ་མོ་འཛིན་དགོས། 19 མཆོད་དཔོན་གྱིས་བུད་མེད་དེ་ལ་མནའ་སྐྱེལ་དུ་འཇུག་ཅིང་། ཁོ་མོར་འདི་ལྟར། གལ་སྲིད་སྐྱེས་པ་སུ་ཡང་ཁྱོད་དང་ལུས་འབྲེལ་མ་བྱས་པ་དང་། རང་གི་ཁྱོ་ག་ལ་དབང་བའི་དུས་སུ་ཁྱོད་ཀྱིས་ཁྱོ་གར་རྒྱབ་འགལ་བྱས་ནས་རང་ཉིད་མི་གཙང་བར་བྱས་མེད་ན། དམོད་མོ་འགུག་པའི་ཆུ་ཁ་མོ་འདི་ལས་ཐར་བར་གྱུར་ཅིག 20 གལ་ཏེ་ཁྱོད་རང་ཁྱོ་ག་ལ་དབང་བའི་དུས་སུ་ཁྱོ་གར་རྒྱབ་འགལ་བྱས་ནས་རང་ཉིད་མི་གཙང་བར་བྱས་པ་དང་། ཁྱོད་ནི་རང་གི་ཁྱོ་ག་མིན་པའི་སྐྱེས་པ་གཞན་དང་ལུས་འབྲེལ་བྱས་པ་ཡིན་ན་ཞེས་སྨྲ་ཞིང་། 21 མཆོད་དཔོན་གྱིས་བུད་མེད་ལ་མནའ་སྐྱེལ་དུ་བཅུག་ནས་མུ་མཐུད་དུ་ཁོ་མོར་འདི་ལྟར། དཀོན་མཆོག་ཡ་ཝཱེས་ཁྱོད་ཀྱི་བརླ་ནི་རིད་ཅིང་གསུས་པ་སྐྲང་བར་མཛད་པ་དང་། དཀོན་མཆོག་ཡ་ཝཱེས་ཁྱོད་ནི་ཁྱོད་ཀྱི་ཡུལ་མིའི་དཀྱིལ་དུ་དམོད་མོ་དང་མནའ་རུ་འགྱུར་བར་མཛོད་ཅིག 22 དམོད་མོ་འགུག་པའི་ཆུ་འདི་ཁྱོད་ཀྱི་གྲོད་ཁོག་ཏུ་ཞུགས་ཏེ། ཁྱོད་ཀྱི་གསུས་པ་སྐྲང་ཞིང་བརླ་རིད་དུ་འཇུག་པར་མཛོད་ཅིག་ཅེས་སྨྲ་དགོས་ལ། དེ་ནས་བུད་མེད་དེས་ཨ་མེན་ *ཨ་མེན་ཞེས་པ་ནི་གནའ་བོའི་ཡ་ཧུ་དཱ་མི་རིགས་ཀྱི་སྐད་དོད་དེ། བདེན་པ་དང་ལྷག་བསམ་རྣམ་པར་དག་པའི་དོན་ཡིན་ཞིང་བདེན་དཔང་བྱེད་པའི་དོན་ལའང་འཇུག་པ་དང་། ཕྱིས་སུ་སྐྱབས་མགོན་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་རྣམས་ཀྱིས་ཡེ་ཤུའི་ཆོས་ལུགས་ནང་དུ་བཀོལ་ཞིང་། བདེན་དཔང་བྱེད་པ་དང་སྨོན་ཚིག་ལྟ་བུར་གྱུར་པ་ཡིན། ཨ་མེན་ཞེས་ཞུ་དགོས་སོ། ། 23 དེ་ནས་མཆོད་དཔོན་གྱིས་དམོད་མོ་དེ་དག་ཤོག་དྲིལ་སྟེང་དུ་བྲིས་ནས་དེ་ཆུ་ཁ་མོའི་ནང་བཀྲུ་དགོས་ལ། 24 ཡང་བུད་མེད་དེ་ལ་དམོད་མོ་འགུག་པའི་ཆུ་ཁ་མོ་དེ་འཐུང་དུ་བཅུག་ནས། དམོད་མོ་འགུག་པའི་ཆུ་དེ་ཁོ་མོའི་གྲོད་ཁོག་ཏུ་ཞུགས་ཏེ་ན་ཟུག་སློང་བ་ཡིན། 25 མཆོད་དཔོན་གྱིས་བུད་མེད་དེའི་ལག་ནས་ཐེ་ཚོམ་གྱི་འབྲུ་མཆོད་བླངས་ནས། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་འབྲུ་རིགས་ཀྱི་མཆོད་པ་དེ་ཕར་གཡོ་ཚུར་གཡོ་བྱས་རྗེས་མཆོད་ཁྲིའི་སྟེང་དུ་འབུལ་དགོས། 26 མཆོད་དཔོན་གྱིས་འབྲུ་རིགས་ཀྱི་མཆོད་པ་ལས། དྲན་རྟེན་གྱི་མཆོད་པ་ཁྱོར་བ་གང་བླངས་ནས་མཆོད་ཁྲིའི་ཁར་བསྲེག་པ་དང་། དེའི་རྗེས་སུ་ད་གཟོད་བུད་མེད་ལ་ཆུ་དེ་འཐུང་དུ་འཇུག་དགོས་སོ། ། 27 ཁོ་མོར་ཆུ་དེ་འཐུང་དུ་བཅུག་རྗེས། གལ་སྲིད་ཁོ་མོས་མི་གཙང་བ་སྤྱད་ཅིང་རང་གི་ཁྱོ་གར་བློ་མི་དཀར་ན། དམོད་མོ་འགུག་པའི་ཆུ་དེ་ཁོ་མོའི་གྲོད་ཁོག་ཏུ་ཞུགས་ནས་ན་ཟུག་སློང་བར་འགྱུར་བ་དང་། ཁོ་མོའི་གསུས་པ་སྐྲང་ཞིང་བརླ་ཡང་རིད་པར་འགྱུར་ལ། བུད་མེད་དེ་ནི་རང་གི་ཡུལ་མིའི་དཀྱིལ་དུ་དམོད་མོ་རུ་འགྱུར་རོ། ། 28 གལ་སྲིད་བུད་མེད་དེ་གཞན་གྱིས་མི་གཙང་བར་བྱས་མེད་པ་དང་གཙང་མ་ཡིན་ན། ཁོ་མོར་གནོད་པ་མི་འཕོག་ལ་མངལ་ཡང་སྦྲུམ་པར་འགྱུར་རོ། །
29 འདི་ནི་ཐེ་ཚོམ་སྐོར་གྱི་བཀའ་ཁྲིམས་ཡིན་ཏེ། གལ་སྲིད་ཆུང་མ་ཞིག་གིས་རང་ཉིད་ཁྱོ་གར་དབང་བའི་དུས་སུ་ཁྱོ་ག་ལ་རྒྱབ་འགལ་བྱས་ནས་རང་མི་གཙང་བར་བྱས་པའམ། 30 ཡང་ན་སྐྱེས་པ་ཞིག་གི་སེམས་སུ་དོགས་པ་ལངས་ནས་རང་གི་ཆུང་མར་ཐེ་ཚོམ་ཟོས་ན། ཁོས་བུད་མེད་དེ་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་བསླང་དགོས་པ་དང་། མཆོད་དཔོན་གྱིས་བུད་མེད་དེ་ལ་བཀའ་ཁྲིམས་ཆ་ཚང་བཞིན་དུ་བྱའོ། ། 31 ཁྱོ་ག་དེར་ནག་ཉེས་མི་འཕོག་ཅིང་། བུད་མེད་ཀྱིས་རང་གི་ནག་ཉེས་འཁུར་དགོས་ཞེས་བཤད་པར་བཀའ་བསྩལ་ཏོ། །

*ལེའུ་ལྔ་པ།:22 ཨ་མེན་ཞེས་པ་ནི་གནའ་བོའི་ཡ་ཧུ་དཱ་མི་རིགས་ཀྱི་སྐད་དོད་དེ། བདེན་པ་དང་ལྷག་བསམ་རྣམ་པར་དག་པའི་དོན་ཡིན་ཞིང་བདེན་དཔང་བྱེད་པའི་དོན་ལའང་འཇུག་པ་དང་། ཕྱིས་སུ་སྐྱབས་མགོན་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་རྣམས་ཀྱིས་ཡེ་ཤུའི་ཆོས་ལུགས་ནང་དུ་བཀོལ་ཞིང་། བདེན་དཔང་བྱེད་པ་དང་སྨོན་ཚིག་ལྟ་བུར་གྱུར་པ་ཡིན།