ལེའུ་བཅུ་བཞི་པ།
འབངས་རྣམས་ཀྱིས་གྱེན་ལོག་བྱས་པ།
དེའི་དུས་སུ་མི་ཚོགས་ཡོངས་ཀྱིས་སྐད་ཆེན་པོས་འུར་བརྒྱབ་པ་དང་། མཚན་མོ་དེར་མི་ཚོགས་ངུས་སོ། ། ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་མོ་ཤེ་དང་ཨ་རོན་གཉིས་ལ་འཁང་ར་བྱས་ཤིང་། མི་ཚོགས་ཀུན་གྱིས་ཁོ་གཉིས་ལ་འདི་ལྟར། ཀྱེ་མ། ང་ཚོ་སྔ་མོ་ནས་ཨེ་ཅིབ་ཡུལ་ནས་ཤི་བའམ། ཡང་ན་དབེན་སྟོང་འདི་ནས་ཤི་ན་ལེགས། དཀོན་མཆོག་ཡ་ཝཱེས་ཅིའི་ཕྱིར་ང་ཚོ་ཡུལ་འདིར་ཁྲིད་པ་ཡིན་ནམ། རལ་གྲིའི་ཁ་ནས་འགྱེལ་བའི་ཕྱིར་ཡུལ་འདི་ལ་ཁྲིད་པ་ཡིན་ནམ། ང་ཚོའི་ཆུང་མ་དང་ཕྲུ་གུ་རྣམས་ལ་འཕྲོག་བཅོམ་ཐེབས་པར་འགྱུར། ང་ཚོ་ཕྱིར་ཨེ་ཅིབ་ཡུལ་དུ་སོང་ན་དེ་ལས་བཟང་བ་མིན་ནམ་ཞེས་སྨྲས་ཤིང་། དེ་དག་གིས་ཕན་ཚུན་ལ། རང་ཅག་གིས་འགོ་དཔོན་གཞན་ཞིག་བསྐོས་ནས་ཨེ་ཅིབ་ཡུལ་དུ་ཕྱིར་ལོག་པར་བྱའོ་ཞེས་སྨྲས་སོ། །
དེ་ནས་མོ་ཤེ་དང་ཨ་རོན་གཉིས་ཡེས་ར་ཨེལ་པའི་མི་ཚོགས་ཀུན་གྱི་མདུན་དུ་གདོང་སར་བཏུད་ནས་བསྡད་པ་དང་། ཡུལ་དེར་ལྐོག་ལྟ་བྱེད་དུ་ཕྱིན་པ་རྣམས་ཀྱི་གྲས་སུ་ནུན་གྱི་བུ་ཡོ་ཤུ་ཨ་དང་ཡེ་ཕུན་ནེའི་བུ་ཀཱ་ལེབ་གཉིས་ཡོད་པ་དང་། དེ་གཉིས་ཀྱིས་རང་གི་གྱོན་གོས་གཤགས་ནས། ཡེས་ར་ཨེལ་པའི་མི་ཚོགས་ཐམས་ཅད་ལ་འདི་ལྟར། ངེད་ཅག་ལྐོག་ལྟ་བྱེད་དུ་སོང་བའི་ཡུལ་དེ་ནི་ཤིན་ཏུ་ཡག་པོ་འདུག དཀོན་མཆོག་ཡ་ཝཱེ་རང་ཅག་ལ་ཐུགས་མཉེས་པ་ཡིན་ན། རང་ཅག་ཡུལ་དེར་ཁྲིད་ནས་ཡུལ་དེ་རང་ཅག་ལ་གནང་ངེས་ཡིན། ཡུལ་དེ་ནི་འོ་མ་དང་སྦྲང་རྩི་བཞུར་བའི་ཡུལ་ཞིག་ཡིན་ནོ། ། ཁྱོད་ཅག་གིས་དཀོན་མཆོག་ཡ་ཝཱེ་ལ་རྒྱབ་འགལ་མ་བྱེད་ཅིག ཡུལ་དེའི་མི་རྣམས་ལ་འཇིགས་པར་ཡང་མི་བྱའོ། །ཅི་ལ་ཟེར་ན། དེ་དག་ནི་རང་ཅག་གི་ཟ་སྐལ་ཡིན། ཁོ་ཚོའི་སྐྱབས་ནི་ཁོ་ཚོ་ལས་བྲལ་ཟིན་པ་དང་། དཀོན་མཆོག་ཡ་ཝཱེ་ཁོང་ཉིད་རང་ཅག་དང་མཉམ་དུ་བཞུགས་པས་དེ་དག་ལ་མ་འཇིགས་ཤིག་ཅེས་སྨྲས་པ་ལ། 10 མི་ཚོགས་ཀུན་གྱིས་དེ་གཉིས་རྡོ་རུབ་བཏང་ནས་གསོད་དགོས་སྨྲས་ཤིང་། དེའི་དུས་སུ་དཀོན་མཆོག་ཡ་ཝཱེའི་གཟི་འོད་ནི་མཇལ་འཕྲད་གུར་མཆོག་ཏུ་ཡེས་ར་ཨེལ་པའི་མི་ཚོགས་ཐམས་ཅད་ལ་མངོན་པ་དང་། 11 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། མི་འདི་དག་གིས་ནམ་དུས་བར་དུ་བདག་ལ་ཁྱད་གསོད་བྱའམ། བདག་གིས་དེ་དག་གི་ཁྲོད་དུ་གྲུབ་རྟགས་ཐམས་ཅད་བསྟན་ན་ཡང་། དེ་དག་གིས་ནམ་དུས་བར་དུ་བདག་ལ་ཡིད་ཆེས་མི་བྱེད་པ་ཡིན་ནམ། 12 བདག་གིས་དེ་དག་ནད་ཡམས་ཀྱིས་བརྡུངས་ནས་མེད་པར་གཏོང་རྒྱུ་ཡིན་པ་དང་། བདག་གིས་ཁྱོད་ནི་མི་རིགས་ཆེན་པོ་དང་དེ་དག་ལས་ཀྱང་སྟོབས་ཤུགས་ལྡན་པ་ཞིག་ཏུ་གཏོང་བར་བྱ་ཞེས་གསུངས་སོ། །
13 དེ་ནས་མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེ་ལ་འདི་ལྟར། ཨེ་ཅིབ་པ་རྣམས་ཀྱིས་དེ་ཐོས་པར་འགྱུར། ཁྱེད་ཀྱིས་ནུས་མཐུ་ཆེན་པོས་མི་འདི་རྣམས་ཁོ་ཚོའི་དཀྱིལ་ནས་འདིར་ཁྲིད་འོངས་པ་དང་། 14 ཨེ་ཅིབ་པ་རྣམས་ཀྱིས་ཀྱང་ཡུལ་དེའི་གཞིས་ཆགས་རྣམས་ལ་སྨྲ་བར་འགྱུར། ཡུལ་དེའི་གཞིས་ཆགས་རྣམས་ཀྱིས་ཀྱང་དཀོན་མཆོག་ཡ་ཝཱེ་ཁྱེད་ཉིད་མི་ཚོགས་འདིའི་དཀྱིལ་དུ་བཞུགས་ཡོད་པ་དང་། དཀོན་མཆོག་ཡ་ཝཱེ་ཁྱེད་ཉིད་མི་ཡི་མིག་ལམ་དུ་མངོན་པར་མཛད་པ། ཁྱེད་ཀྱི་སྤྲིན་ནི་ཁོ་ཚོའི་སྟེང་དུ་བཞུགས་པ། ཉིན་མོར་ཁྱེད་ནི་སྤྲིན་གྱི་ཀ་བའི་ཁྲོད་དང་། མཚན་མོར་མེ་ཡི་ཀ་བའི་ཁྲོད་དུ་ཁོ་ཚོའི་སྔོན་ལ་ཕེབས་པ་བཅས་ཐོས་མྱོང་ཡོད། 15 ད་ལྟ་ཁྱེད་ཀྱིས་མི་འདི་རྣམས་མི་གཅིག་བཞིན་དུ་མེད་པར་མཛད་ན། ཁྱེད་ཀྱི་སྙན་གྲགས་ཐོས་མྱོང་བའི་མི་རིགས་རྣམས་ཀྱིས་གླེང་མོལ་བྱས་ཏེ་འདི་ལྟར། 16 དཀོན་མཆོག་ཡ་ཝཱེས་མི་འདི་རྣམས་ཁོ་ཚོར་མནའ་བཞེས་ཏེ་ཞལ་བཞེས་གནང་བའི་ཡུལ་དུ་ཁྲིད་མ་ནུས་པས་དབེན་སྟོང་དུ་ཁོ་རྣམས་མེད་པར་མཛད་དོ་ཞེས་སྨྲ་ངེས་ཡིན། 17 ད་ནི་གཙོ་བོ་ཁྱེད་ཀྱིས་རང་གི་ནུས་མཐུ་ཆེན་པོ་སྟོན་པར་མཛོད། ཁྱེད་ཀྱིས་དེ་སྔར་འདི་སྐད་དུ། 18 དཀོན་མཆོག་ཡ་ཝཱེ་ནི་རང་དགར་ཐུགས་མི་ཁྲོ་ཞིང་བྱམས་བརྩེ་མཐའ་ཡས་པ་ཡིན། ཁོང་གིས་ཉེས་པ་དང་ནོར་འཁྲུལ་སེལ་བར་མཛད་ནའང་། ཉེས་ཅན་ནི་ཉེས་མེད་དུ་གཏན་ནས་མི་རྩི་བར། ཕ་རྣམས་ཀྱི་ནག་ཉེས་ཕྱིར་བུ་རྒྱུད་རྣམས་ལ་མི་རབས་གསུམ་བཞིའི་བར་དུ་ཉེས་ཆད་གཅོད་པ་ལགས་ཞེས་གསུངས་པ་ལྟར། 19 ཁྱེད་ཀྱི་བྱམས་བརྩེ་ཆེན་པོ་བཞིན་དུ། ཨེ་ཅིབ་ཡུལ་ནས་དེ་རིང་གི་བར་དུ་མི་འདི་དག་ལ་སྡིག་སེལ་གནང་བ་ལྟར། མི་འདི་དག་གི་ཉེས་པ་སེལ་བར་མཛོད་ཅེས་ཞུས་སོ། །
20 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱི་ཞུ་བ་བཞིན་དུ་བདག་གིས་དེ་དག་ལ་སྡིག་སེལ་གནང་ངོ་། ། 21 འོན་ཀྱང་བདག་གི་ཚེ་སྲོག་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་ཡིན་ཏེ། དཀོན་མཆོག་ཡ་ཝཱེའི་གཟི་བརྗིད་ཀྱིས་ས་གཞི་ཡོངས་སུ་གང་བར་འགྱུར། 22 མི་འདི་ཐམས་ཅད་ཀྱིས་བདག་གི་གཟི་བརྗིད་དང་བདག་གིས་ཨེ་ཅིབ་ཡུལ་དང་དབེན་སྟོང་དུ་བསྟན་པའི་གྲུབ་རྟགས་རྣམས་མཐོང་ན་ཡང་། ལན་བཅུར་བདག་ལ་ཚོད་བགམ་བྱས་ཤིང་བདག་གི་གཏམ་ལ་མ་མཉན། 23 བདག་གིས་དེ་དག་གི་ཕ་མེས་ལ་མནའ་བསྐྱལ་ཏེ་ཁས་བླངས་པའི་ཡུལ་ནི་དེ་དག་གིས་མཐོང་བར་མི་འགྱུར་ལ། བདག་ཁྱད་དུ་གསོད་མཁན་རྣམས་ལས་སུས་ཀྱང་ཡུལ་དེ་མཐོང་བར་མི་འགྱུར་རོ། ། 24 འོན་ཀྱང་། ངའི་ཞབས་ཕྱི་ཀཱ་ལེབ་ལ་བསམ་འདུན་གཞན་ཞིག་ཡོད་ཅིང་། སེམས་གཅིག་ལུས་གཅིག་གིས་བདག་གི་རྗེས་སུ་འབྲངས་པ་ཡིན་པས། ངས་ཁོ་རང་ནི་ཁོ་སོང་མྱོང་བའི་ཡུལ་དེར་འཁྲིད་ངེས་ལ། ཁོའི་བུ་རྒྱུད་ལ་ཡུལ་དེ་འཐོབ་པར་འགྱུར་རོ། ། 25 ད་ལྟ་ཨ་མཱད་ལེག་པ་དང་ཀ་ན་ཨན་པ་རྣམས་ལུང་པའི་ནང་དུ་གནས་ཡོད། སང་ཉིན་ཁྱོད་རྣམས་ཕྱིར་འཁོར་ཏེ་རྒྱ་མཚོ་དམར་པོའི་ལམ་བརྒྱུད་ནས་དབེན་སྟོང་དུ་སོང་ཞིག་ཅེས་གསུངས་སོ། །
26 དཀོན་མཆོག་ཡ་ཝཱེས་མོ་ཤེ་དང་ཨ་རོན་གཉིས་ལ་འདི་སྐད་དུ། 27 མི་ཚོགས་ངན་པ་འདིས་བདག་ལ་ནམ་དུས་བར་དུ་འཁང་ར་བྱེད་ཡོང་ངམ། ཡེས་ར་ཨེལ་པ་རྣམས་ཀྱིས་བདག་ལ་འཁང་ར་བྱེད་པ་དེ་བདག་གིས་ཐོས་ཡོད། 28 ཁྱོད་ཀྱིས་ཁོ་རྣམས་ལ་འདི་ལྟར་སྨྲོས་ཤིག དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་གིས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་སྟེ། ཁྱོད་ཚོས་བདག་གི་རྣ་བར་ཅི་ལྟར་གཏམ་བྱས་པ་བཞིན་བདག་གིས་དེ་ལྟར་བྱའོ། ། 29 ཁྱོད་ཅག་གི་བེམ་པོ་རྣམས་དབེན་སྟོང་འདི་རུ་འགྱེལ་ངེས་ཤིང་། ཁྱོད་ཅག་གི་ཁྲོད་དུ་རྩིས་བླངས་ཟིན་པ་སྟེ། ཁྱོད་རྣམས་ཀྱི་གྲངས་ཀ་བཞིན་ལོ་ཉི་ཤུ་ཅན་དང་དེའི་ཡན་གྱི་བདག་ལ་འཁང་ར་བྱས་མྱོང་པ་ཐམས་ཅད་ནི། 30 བདག་གིས་ཁྱོད་རྣམས་འདུག་ཏུ་འཇུག་པར་མནའ་བསྐྱལ་བའི་ཡུལ་དེར་འགྲོ་མི་ཆོག་ལ། ཡེ་ཕུན་ནེ་ཡི་བུ་ཀཱ་ལེབ་དང་ནུན་གྱི་བུ་ཡོ་ཤུ་ཨ་གཉིས་འབའ་ཞིག་ཡུལ་དེ་རུ་ཕྱིན་ཆོག་གོ ། 31 འོན་ཀྱང་ཁྱོད་ཅག་གི་བྱིས་པ་རྣམས་ཏེ། ཁྱོད་རྣམས་ཀྱིས་འཕྲོག་བཅོམ་ཐེབས་པར་འགྱུར་ཞེས་སྨྲས་པ་དེ་དག་བདག་གིས་ཡུལ་དེར་འཁྲིད་རྒྱུ་ཡིན་པ་དང་། ཁྱོད་རྣམས་ཀྱིས་སྤངས་པའི་ཡུལ་དེ་ཁོ་ཚོར་འཐོབ་པར་འགྱུར། 32 འོན་ཀྱང་ཁྱོད་ཅག་གི་བེམ་པོ་རྣམས་དབེན་སྟོང་འདི་རུ་འགྱེལ་བར་འགྱུར་རོ། ། 33 ཁྱོད་ཅག་གི་བུ་རྣམས་ཀྱིས་ལོ་བཞི་བཅུའི་རིང་ལ་དབེན་སྟོང་དུ་ཕྱུགས་འཚོས་ནས། ཁྱོད་ཅག་གི་བེམ་པོ་རྣམས་དབེན་སྟོང་དུ་རྩ་མེད་དུ་འགྲོ་བའི་བར་ཁོ་ཚོས་ཁྱོད་ཅག་གི་འདོད་ལོག་སྤྱད་པའི་སྡིག་པ་འཁུར་དགོས། 34 ཁྱོད་རྣམས་ཀྱིས་ཡུལ་དེར་ལྐོག་ལྟ་བྱས་པའི་ཉིན་བཞི་བཅུའི་གྲངས་ཀ་བཞིན་དུ། ཉིན་རེ་ལོ་གཅིག་ལ་བརྩིས་ནས་ལོ་བཞི་བཅུའི་རིང་དུ་ཉེས་པ་འཁུར་དགོས། ཅི་ལ་ཟེར་ན། དེ་ནས་ཁྱོད་ཅག་གིས་བདག་གིས་ཅིའི་ཕྱིར་ཁྱོད་རྣམས་ལ་རྒོལ་བ་ཤེས་པར་འགྱུར་ཞེས་པའོ། ། 35 ཡ་ཝཱེ་བདག་གིས་དེ་ལྟར་སྨྲས་ཟིན་པ་སྟེ། བདག་གིས་ལྷན་དུ་འཛོམས་ནས་བདག་ལ་ངོ་རྒོལ་བྱེད་པའི་མི་ཚོགས་ངན་པ་འདིར་དེ་ལྟར་བྱེད་ངེས་ལ། ཁོ་རྣམས་དབེན་སྟོང་འདི་རུ་མེད་པར་འགྲོ་ཞིང་། འདི་རུ་འཆི་བར་འགྱུར་ཞེས་གསུངས་སོ། །
36 མོ་ཤེ་ཡིས་ཡུལ་དེར་ལྐོག་ལྟ་བྱེད་པར་བཏང་བའི་མི་དེ་དག་ཕྱིར་འོངས་པ་དང་། ཡུལ་དེའི་སྐོར་གྱི་སྐད་ངན་ཁྱེར་འོངས་པས་མི་ཚོགས་ཐམས་ཅད་ཀྱིས་མོ་ཤེ་ལ་འཁང་ར་བྱས་ཤིང་། 37 ཡུལ་དེའི་སྐོར་གྱི་སྐད་ངན་ཁྱེར་ཡོང་མཁན་རྣམས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་གཉན་ནད་ཀྱིས་ཤིའོ། ། 38 ཡུལ་དེར་ལྐོག་ལྟ་བྱེད་དུ་སོང་བའི་མི་རྣམས་ལས། ནུན་གྱི་བུ་ཡོ་ཤུ་ཨ་དང་ཡེ་ཕུན་ནེའི་བུ་ཀཱ་ལེབ་གཉིས་ད་དུང་གསོན་པོར་གནས་སོ། །
ཡེས་ར་ཨེལ་ཕམ་པར་གྱུར་ཚུལ།
39 མོ་ཤེ་ཡིས་གཏམ་དེ་རྣམས་ཡེས་ར་ཨེལ་པ་ཐམས་ཅད་ལ་སྨྲས་པ་ན། མི་རྣམས་ཀྱིས་མྱ་ངན་དྲག་པོ་བྱས་པ་དང་། 40 དེའི་ཕྱི་ཉིན་ཞོགས་པར་ཁོ་རྣམས་སྔ་མོ་ནས་ཡར་ལངས་ཏེ་རི་རྩེར་*འདིར་རི་རྩེ་ཞེས་པ་ནི་རི་ཁུལ་གྱི་མཐོ་སར་ཡང་གོ་རུང་སྟེ། ལེའུ་འདིའི་ཚིག་རྐང་ཞེ་བཞི་པའི་རི་རྩེ་ཞེས་པའང་དེ་བཞིན་ཡིན། སོང་ནས་འདི་ལྟར། ང་ཚོ་འདི་རུ་ཡོད། ང་ཚོ་དཀོན་མཆོག་ཡ་ཝཱེས་ཞལ་གྱིས་བཞེས་པའི་གནས་དེར་ཡར་འགྲོ་བར་བྱ། ཅི་ལ་ཞེ་ན། ང་ཚོས་སྡིག་པ་བྱས་པས་སོ་ཞེས་སྨྲས། 41 དེ་ནས་མོ་ཤེ་ན་རེ། ཁྱོད་རྣམས་ཡང་བསྐྱར་དཀོན་མཆོག་ཡ་ཝཱེའི་བཀའ་དང་འགལ་བ་ཅི། དོན་དེ་འགྲུབ་པའི་དཔེ་མི་སྲིད། 42 དཀོན་མཆོག་ཡ་ཝཱེ་ཁྱོད་ཚོའི་དཀྱིལ་དུ་མི་བཞུགས་པས། དགྲ་བོའི་ཚོགས་ཀྱིས་ཁྱོད་རྣམས་ཕམ་པར་མི་རྒྱག་པའི་ཕྱིར་དུ་ཡར་མ་འགྲོ་ཞིག 43 གང་ལ་ཟེར་ན། ཨ་མཱད་ལེག་པ་དང་ཀ་ན་ཨན་པ་རྣམས་ཁྱོད་ཚོའི་མདུན་དུ་ཡོད་པས། ཁྱོད་རྣམས་རལ་གྲིའི་ཁ་ནས་འགྱེལ་བར་འགྱུར། ཁྱོད་ཚོ་དཀོན་མཆོག་ཡ་ཝཱེའི་རྗེས་སུ་མ་འབྲངས་པས་དཀོན་མཆོག་ཡ་ཝཱེ་ཁྱོད་རྣམས་དང་མཉམ་དུ་མི་བཞུགས་སོ་ཞེས་སྨྲས། 44 དེ་དག་ཁེངས་དྲེགས་ཆེན་པོས་རི་རྩེར་སོང་ཡང་། དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་དང་མོ་ཤེ་ནི་སྒར་དང་མ་བྲལ་ཏོ། ། 45 དེ་ནས་རི་དེར་གནས་པའི་ཨ་མཱད་ལེག་པ་དང་ཀ་ན་ཨན་པ་རྣམས་ཐུར་ལ་བབས་ནས། ཁོ་ཚོར་བརྡུངས་ནས་ཧོར་མཱ་བར་དུ་ཕམ་པར་བརྒྱབས་སོ། །

*ལེའུ་བཅུ་བཞི་པ།:40 འདིར་རི་རྩེ་ཞེས་པ་ནི་རི་ཁུལ་གྱི་མཐོ་སར་ཡང་གོ་རུང་སྟེ། ལེའུ་འདིའི་ཚིག་རྐང་ཞེ་བཞི་པའི་རི་རྩེ་ཞེས་པའང་དེ་བཞིན་ཡིན།